ཙོང་རིལ་གྱི་ཕན་ནུས།

གསར་འགྱུར་སྤེལ་དུས།  【2023-09-12 09:00:00】

ཙོང་རིལ་ནི་མི་རྣམས་ཀྱི་གསོལ་ཅོག་སྟེང་རྒྱུན་དུ་མཐོང་ཐུབ་པའི་ཟས་རིགས་ཤིག་ཡིན།དེའི་རིན་གོང་བདེ་བར་མ་ཟད་འཚོ་བཅུད་འཛོམས་པོ་ལྡན།

ནད་སྲིན་གསོད་པ་དང་གཉན་ཚད་འཇོམས་པ།

ཙོང་རིལ་གྱི་ནང་དུ་སྒོག་རྒྱུ་འདུས། སྒོག་རྒྱུ་ལ་ཁ་ཚ་བ་དང་ཕོག་ཐུག་ལྡན་པས། ནད་སྲིན་འགོག་པའམ་ཡང་ན་གསོད་པའི་ནུས་པ་ལྡན། ཙོང་རིལ་གྱི་ནང་དུ་ད་རུང་ཟི་འགྱུར་ག་སིན(硫化丙烯)ཟེར་བའི་སྣུམ་ཚིལ་རང་བཞིན་གྱི་རྫས་ཤིག་ཡོད་ལ།མི་རྣམས་ཀྱིས་ཙོང་རིལ་གཙབས་པའི་སྐབས་སུ་མིག་ཆུ་བཞུར་བ་ནི་རྫས་དེས་ཕོག་ཐུག་ལས་བྱུང་བ་རེད། ཟི་འགྱུར་ག་སིན་ལ་ནད་སྲིན་འགོག་པའི་ནུས་པ་ངེས་ཅན་ཞིག་ལྡན་པས། ཆམ་པའི་ནད་རྟགས་ཇེ་ཡང་དུ་གཏོང་ཐུབ།

ཙོང་རིལ་རློན་པའི་གཉན་འཇོམས་ནུས་པ་ཧ་ཅང་བཟང་མོད།འོན་ཀྱང་ཕོ་རྒྱུ་ལ་ཕོག་ཐུག་ཀྱང་དེ་བས་ཆེ་ལ་བཟོད་ནུས་དེ་བས་ཞན།བརྔོས་ནས་ཚོས་ན་བཟོད་ནུས་ཆེ་ནའང་གཉན་འཇོམས་ནུས་པ་ཇེ་ཞན་དུ་སོང་ཡོད་པ་རེད།ཚང་མས་ལུས་པོའི་གནས་ཚུལ་ལ་བལྟས་ནས་ཙོང་རིལ་གྱི་བཟའ་སྟངས་གདམ་གསེས་བྱེད་ཆོག

ཁྲག་ཧྭགས་སྙོམས་སྒྲིག་བྱེད་པ།

ཙོང་རིལ་གྱི་ནང་དུ་ཁྲག་ཧྭགས་ཇེ་དམའ་རུ་གཏོང་བའི་སྨན་རྫས་ཀ་པུན་ཧྥོང་གཅིན་རྒྱུ(甲苯磺丁脲)དང་འདྲ་བའི་གྲུབ་ཆ་ཞིག་འདུས་ལ། དེས་ལུས་སྟེང་དུ་གཅིན་རྒྱུ་བར་ཕན་པའི་པགས་རྒྱུ་ཞིག་བསྐྱེད་པར་མ་ཟད།ཕྲ་ཕུང་གིས་རྒུན་འབྲུམ་ཧྭགས་བེད་སྤྱོད་བྱེད་པར་རོགས་རམ་བྱེད་ཐུབ།

རྒྱུན་མཐོང་གི་ཙོང་རིལ་ལ་ཕྱི་ཤུན་དཀར་པོ་དང་སེར་པོ།སྨུག་པོ་གསུམ་ཡོད་ལ། ཕྱི་ཤུན་སྨུག་པོ་ཅན་གྱི་ཙོང་རིལ་ནང་འདུས་པའི་འཚོ་བཅུད་དང་ཁྲག་ཧྭགས་སྙོམས་སྒྲིག་རྒྱུ་ཆ་ཆེས་མཐོ་བ་རེད།ཡིན་ནའང་ཟས་རིགས་ནི་ཟས་རིགས་ཙམ་ཞིག་ཡིན་པས་སྨན་གྱི་ཚབ་བྱེད་མི་རུང་ངོ།།

སྙིང་གི་བདེ་ཐང་ལ་ཕན་པ།

ཙོང་རིལ་གྱི་ནང་དུ་ཧོང་ཐོན(黄酮)རིགས་ཀྱི་དངོས་པོ་འདུས་པས།ཁྲག་རྒྱུན་ཁྲོད་ཀྱི་ཚིལ་རྫས་ཇེ་ཉུང་དུ་གཏོང་བར་ཕན་པ་དང་།མི་ལུས་ཀྱི་འཕར་རྩར་སྲུང་སྐྱོབ་བྱེད་ཐུབ།

ཙོང་རིལ་ཟོས་ན་བཟང་ཆ་མང་མོད།འོན་ཀྱང་ཉིན་རྒྱུན་དུ་ཟ་དགོས་པའི་ངེས་པ་མ་མཆིས་ཏེ།ཉིན་གཉིས་དང་གསུམ་རེའི་ནང་དུ་ཐེངས་གཅིག་ཟོས་པས་ཆོག ཚོད་མ་རེ་རེར་རང་རང་གི་འཚོ་བཅུད་རིན་ཐང་མི་འདྲ་བ་རེ་ཡོད་པས།ཟ་མ་ཟ་སྐབས་ཁྱོན་ཡོངས་དང་དོ་མཉམ། ཚད་རན་བཅས་ཡོང་བར་འབད་དགོས། །