གསར་འགྱུར་སྤེལ་དུས། 【2024-12-03 09:00:00】
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2024〕ཡིག་ཨང་8པ།
《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོབ་སྲོལ་ཡིག 》འདི་2024ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་དང་2024ལོའི་ཟླ་8ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
2024ལོའི་ཟླ་7ཚེས་3ལ།
དོན་ཚན་དང་པོ། འཁྱགས་རོམ་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་འཁྱགས་རོམ་སྲུང་སྐྱོབ་དང་དེར་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་བྱེད་སྒོར་སྲོལ་ཡིག་འདི་སྤྱད་ན་འཐུས།
སྲོལ་ཡིག་འདིའི་ནང་འཁོད་འཁྱགས་རོམ་ཞེས་པ་ནི་ས་ངོས་སུ་ཆགས་ཤིང་། གངས་སམ་སྲ་གཟུགས་ཆར་ཆུ་རིམ་གསོག་གིས་གྲུབ་པ་ཞིག་ཡིན་པ་མ་ཟད་བཞུར་འགྲོ་རྣམ་པའི་སྲ་གཟུགས་ཀྱི་རང་བྱུང་འཁྱགས་བག་ལ་ཟེར་བ་ཡིན།
དོན་ཚན་གསུམ་པ། འཁྱགས་རོམ་སྲུང་སྐྱོབ་བྱེད་པར་ངེས་པར་དུ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་ཐོག འཁྱགས་རོམ་སྐྱེ་ཁམས་མ་ལག་གི་རང་བྱུང་ཆོས་ཉིད་དང་གང་ལེགས་བསྟུན་ཏེ། འཁྱགས་རོམ་གྱི་གདོད་མའི་རྣམ་པ་བརྟན་འཁྱོངས་ཐུབ་པ་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་འཆར་འགོད་དང་། གཅིག་གྱུར་དོ་དམ། རྒྱུད་ཁོངས་སྲུང་སྐྱོབ། བེད་སྤྱོད་ལུགས་མཐུན་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས། འཁྱགས་རོམ་ཡོད་སའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འབྲེལ་བ་དང་། སྔར་སྡོད་ཡུལ་མིའི་ཐོན་སྐྱེད་འཚོ་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།
དོན་ཚན་བཞི་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ནས། འཁྱགས་རོམ་སྲུང་སྐྱོབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འཕེལ་བསྒྱུར་དང་། ནོར་སྲིད། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ། རིག་གནས་ཡུལ་སྐོར། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་འཁྲིའི་ཁྱབ་ཁོངས་ནང་གི་འཁྱགས་རོམ་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
འཁྱགས་རོམ་ཡོད་སའི་ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་འཁྱགས་རོམ་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།
འཁྱགས་རོམ་ཡོད་སའི་ཡུལ་མི་ཨུ་ལྷན་གྱིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས།
དོན་ཚན་ལྔ་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཀྱི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། སྲིད་འཛིན་ས་ཁོངས་དེ་གའི་འཁྱགས་རོམ་སྲུང་སྐྱོབ་ཀྱི་ལས་ཀར་གཅིག་གྱུར་མཛུབ་ཁྲིད་དང་ཕྱོགས་བསྡུས་མཐུན་སྦྱོར་བྱེད་པ་དང་། ས་ཁུལ་དང་སྡེ་ཚན་ལས་བརྒལ་བའི་གནད་དོན་གལ་ཆེན་རིགས་ལ་མཐུན་སྦྱོར་བྱས་ཏེ། འཁྱགས་རོམ་སྲུང་སྐྱོབ་ཀྱི་འབྲེལ་ཡོད་གཙོ་གནད་ལས་དོན་བསྒྲུབས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།
འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་དགོས་མཁོར་གཞིགས་ནས། འཁྱགས་རོམ་སྲུང་སྐྱོབ་ཀྱི་མཉམ་ལས་དང་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་སྲོལ་བཙུགས་ཏེ། སྡེ་ཚན་དབར་མཐུན་སྦྱོར་གཞོགས་འདེགས་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག འཁྱགས་རོམ་སྲུང་སྐྱོབ་ཀྱི་ལས་ཀར་མཉམ་དུ་སྐུལ་འདེད་གཏོང་དགོས།
དོན་ཚན་དྲུག་པ། རང་སྐྱོང་ལྗོངས་ཀྱིས་འཁྱགས་རོམ་སྲུང་སྐྱོབ་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་ལས་རྗེས་དཔྱད་གདེང་ལམ་ལུགས་ལག་བསྟར་བྱས་ཏེ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་འཁྱགས་རོམ་སྲུང་སྐྱོབ་ཀྱི་དམིགས་ཚད་ལེགས་འགྲུབ་བྱུང་ཚུལ་དེ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེའི་འགན་འཁུར་བ་དང་། དེ་བཞིན་འོག་རིམ་མི་དམངས་སྲིད་གཞུང་དང་དེའི་འགན་འཁུར་བར་ཕྱོགས་བསྡུས་དཔྱད་གདེང་བྱེད་པའི་ནང་དོན་ལ་བརྩི་དགོས།
དོན་ཚན་བདུན་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཐད་ལ་ནོར་སྲིད་ཀྱི་གཏོང་ཆ་མང་དུ་གཏོང་དགོས་པ་དང་། ཐབས་དང་སྣ་ཁ་མང་བའི་མ་དངུལ་བསྡུ་གཏོང་བྱེད་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་མཉམ་ཞུགས་ཀྱི་འཁྱགས་རོམ་སྲུང་སྐྱོབ་མ་དངུལ་འགན་སྲུང་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་འཛུགས་དགོས།
འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ལ་ཕན་པའི་དངུལ་རྩའི་སྲིད་ཇུས་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ་དང་། དངུལ་རྩའི་ལས་ཁུངས་ཀྱིས་འཁྱགས་རོམ་སྲུང་སྐྱོབ་ཀྱི་རྣམ་གྲངས་ལ་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་གཏོང་དགོས།
དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ཏེ། འཁྱགས་རོམ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་བཏང་ནས། སྤྱི་དམངས་ཀྱིས་འཁྱགས་རོམ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་གཏོང་དང་། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དར་སྤེལ། འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཅས་བཏང་སྟེ། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བྱང་ཚད་མཐོ་རུ་གཏོང་དགོས།
ཚན་པ་དང་མི་སྒེར་གྱིས་ཞལ་འདེབས་འབུལ་བ་དང་། རོགས་དངུལ་སྤྲོད་པ། དང་བླངས་ཞབས་ཞུ་སྒྲུབ་པ་སོགས་ཀྱི་ཐོག་ནས། འཁྱགས་རོམ་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོ་ཁྲིམས་ལྟར་སྤེལ་རྒྱུར་སྐུལ་ལྕག་གཏོང་བ་དང་རྒྱབ་སྐྱོར་བྱས་ཏེ། འཁྱགས་རོམ་སྲུང་སྐྱོབ་ཀྱི་ལས་དོན་ནང་མཉམ་དུ་ཞུགས་དགོས།
དོན་ཚན་དགུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འཁྱགས་རོམ་སྲུང་སྐྱོབ་ཀྱི་འཆར་འགོད་བཟོ་དགོས། འཁྱགས་རོམ་སྲུང་སྐྱོབ་ཀྱི་འཆར་འགོད་ནང་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཀྱི་ཡུན་རིང་དང་དུས་ཐུང་གི་དམིགས་ཚད་དང་། གཙོ་གནད་ཁྱབ་ཁོངས། སྲུང་སྐྱོབ་བྱེད་ཐབས། ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་སོགས་ཀྱི་ནང་དོན་ཁ་གསལ་འགོད་དགོས།
འཁྱགས་རོམ་ཡོད་སའི་ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང་)ཡིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། འཁྱགས་རོམ་སྲུང་སྐྱོབ་ཀྱི་འཆར་འགོད་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་འཁྱགས་རོམ་སྲུང་སྐྱོབ་ཀྱི་ཇུས་གཞི་བཟོ་དགོས།
དོན་ཚན་བཅུ་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་རྒྱལ་ཁོངས་ཀྱི་བར་སྟོང་འཆར་འགོད་བཟོ་སྐབས། ངེས་པར་དུ་འཁྱགས་རོམ་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ཏེ། འཁྱགས་རོམ་དང་དེའི་ཉེ་འཁོར་གྱི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁོངས་བར་སྟོང་གསར་སྤེལ་བྱེད་པ་དང་འཕྲོད་མིན་ལ་དཔྱད་གདེང་བྱ་རྒྱུ་དང་། སྐྱེ་ཁམས་བར་སྟོང་གི་ས་མཚམས་ལུགས་མཐུན་དབྱེ་སྟེ། གྲོང་ཁྱེར་གྲོང་རྡལ་གྱི་བར་སྟོང་དང་ཞིང་ལས་བར་སྟོང་གི་ཁྱབ་བཀོད་ལེགས་སུ་གཏོང་དགོས།
དོན་ཚན་བཅུ་གཅིག་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་འཕེལ་བསྒྱུར་དང་། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་གྱིས་ངེས་པར་དུ་རྣམ་གྲངས་གཏན་འཁེལ་དང་། ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད། ས་ཆ་བེད་སྤྱོད་སོགས་བྱེད་པའི་ཐད་ནས་འཁྱགས་རོམ་ཁུལ་དུ་ལྟ་སྐོར་དང་ཡུལ་སྐོར་གྱི་བྱེད་སྒོའི་རྣམ་གྲངས་འཛུགས་སྐབས་ཞིབ་མཆན་ནན་པོ་འགོད་དགོས། འཁྱགས་རོམ་གྱི་གདོད་མའི་རྣམ་པར་འགྱུར་བ་གཏོང་བའི་རྣམ་གྲངས་འཛུགས་རིགས་གཏན་འགོག་བྱེད་དགོས།
རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་དང་། རིག་གནས་ཡུལ་སྐོར། ལུས་རྩལ་སོགས་སྡེ་ཚན་གྱིས་ངེས་པར་དུ་འཁྱགས་རོམ་གཏེར་ཆུ་དང་། གངས་འཁྱགས་ཡུལ་སྐོར། གངས་འཁྱགས་ལུས་རྩལ་སོགས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཀྱི་གདིང་གཞིའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་ནུས་བསྒྲུབས་ཏེ། འཁྱགས་རོམ་གྱི་རྣམ་གྲངས་གཏན་འཁེལ་དང་། ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད། འཛུགས་སྐྲུན། དོ་དམ། ལས་གཉེར་སོགས་ཁྲིམས་ལྟར་སྤེལ་རྒྱུར་འགན་ལེན་བྱེད་དགོས།
འཁྱགས་རོམ་ཡོད་སའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་རྣམ་གྲངས་གསར་སྤེལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཁྲིམས་ལྟར་འཁྱགས་རོམ་ཀྱི་རྣམ་གྲངས་འཛུགས་སྐྲུན་དང་། དོ་དམ། ལས་གཉེར་བཅས་བྱ་རྒྱུར་འགན་ལེན་བྱེད་དགོས།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཁྱགས་རོམ་དང་འཁྱགས་མཚེའུ་ལ་དུས་བཀག་ལྟར་བརྟག་དཔྱད་བྱས་ནས་འཁྱགས་རོམ་དང་། འཁྱགས་མཚེའུ། དེ་བཞིན་དེའི་ཉེ་ཁུལ་གྱི་རང་བྱུང་ཐོན་ཁུངས་དང་། སྐྱེ་ཁམས་ཁོར་ཡུག མིའི་རིགས་འགུལ་སྐྱོད་སོགས་ཀྱི་ད་ལྟའི་གནས་ཚུལ་དང་འགྱུར་ཚུལ་ཤེས་རྟོགས་བྱེད་དགོས་པ་མ་ཟད། འཁྱགས་རོམ་དང་འཁྱགས་མཚེའུ་ཡི་རིགས་དང་། ཁྱབ་ཚུལ། གྲངས་འབོར། རྒྱ་ཁྱོན། གསོག་འབོར། སྲུང་སྐྱོབ། བེད་སྤྱོད། འགྱུར་ཚུལ་སོགས་ཀྱི་ནང་དོན་ཚུད་པའི་འཁྱགས་རོམ་དང་འཁྱགས་མཚེའུ་ཡི་ཡིག་ཚགས་བཟོ་དགོས།
འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་འཁྱགས་རོམ་དང་འཁྱགས་རོམ་མཐའ་ཁུལ་ལ་འགྱུར་ལྡན་ཐོག་ནས་ལྟ་ཞིབ་ཚད་ལེན་བྱེད་དགོས།
དོན་ཚན་བཅུ་གསུམ་པ། འཁྱགས་རོམ་སྲུང་སྐྱོབ་ཀྱི་འཆར་འགོད་དང་སྲུང་སྐྱོབ་ཀྱི་ཇུས་གཞི་བཟོ་འགོད་དང་། འཁྱགས་རོམ་སྲུང་སྐྱོབ་ཁུལ་གྱི་གལ་ཆེའི་སྲིད་ཇུས་བཟོ་འབེབས། གལ་ཆེའི་རྣམ་གྲངས་མཆན་འགོད་སོགས་ལ་ངེས་པར་དུ་རིགས་སྒྲུབ་ཁུངས་སྐྱེལ་ཚོགས་འདུ་དང་། དཔང་ཉན་ཚོགས་འདུའམ་ཡང་ན་རྣམ་པ་གཞན་དག་གི་ཐོག་ནས་འབྲེལ་ཡོད་ཚན་པ་དང་། རིགས་གཅིག་མཁས་དབང་། སྤྱི་དམངས་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས།
འཁྱགས་རོམ་དང་འཁྱགས་མཚེའུ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་དང་། འཁྱགས་རོམ་འགྱུར་རྐྱེན། འཁྱགས་རོམ་བཞུར་བར་ཁ་གཏད་གཅོག་ཐབས། འཁྱགས་རོམ་གྱི་གནོད་འཚེ་འགོག་བཅོས་སོགས་འཁྱགས་རོམ་སྲུང་སྐྱོབ་ཁུལ་གྱི་གལ་ཆེའི་གནད་དོན་ལ་ངེས་པར་དུ་ཆེད་ལས་ཚན་པ་དང་མི་སྣ་སྒྲིག་འཛུགས་ཀྱིས་ཆེད་ལས་བློ་འདྲི་མཁོ་འདོན་བྱེད་དགོས།
དོན་ཚན་བཅུ་བཞི་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་སྐྱེ་ཁམས་ཁོར་ཡུག་དང་། ཆུའི་སྲིད་འཛིན། ནགས་ལས་དང་རྩྭ་ཐང་སོགས་སྡེ་ཚན་དང་མཉམ་དུ་རིམ་དབྱེ་དང་གཏོགས་ཁོངས་ཟུང་འབྲེལ་གྱི་བྱ་ཐབས་ལྟར་དབང་ཚད་ལ་གཞིགས་ཏེ་འཁྱགས་རོམ་དང་ཡུན་རིང་གངས་གསོག་ཐེབས་ནས་ཆགས་པའི་རང་བྱུང་སྐྱེ་ཁམས་ཀྱི་བར་སྟོང་དབང་ཆ་གཏན་འཁེལ་བྱུང་རིགས་གཅིག་གྱུར་ཐོ་འགོད་བྱེད་དགོས།
དོན་ཚན་བཅོ་ལྔ་པ། རང་སྐྱོང་ལྗོངས་ཀྱིས་འཁྱགས་རོམ་རིམ་དབྱེ་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱས་ནས། གལ་ཆེའི་འཁྱགས་རོམ་དང་སྤྱིར་བཏང་གི་འཁྱགས་རོམ་གཉིས་སུ་དབྱེ་རྒྱུ་མ་ཟད། དེ་མཚུངས་ཀྱི་སྲུང་སྐྱོབ་བྱེད་ཐབས་སྤྱོད་རྒྱུ།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་དང་། ཆུའི་སྲིད་འཛིན། ནགས་ལས་དང་རྩྭ་ཐང་སོགས་ཀྱི་སྡེ་ཚན་དང་མཉམ་དུ་འཁྱགས་རོམ་ལ་བརྟག་དཔྱད་བྱས་འབྲས་གཞིར་བཟུང་། འཁྱགས་རོམ་གི་རྒྱ་ཁྱོན་དང་། སྐྱེ་ཁམས་ས་བབ། དེ་བཞིན་སྐྱེ་ཁམས་སྲུང་སྐྱོང་བྱེད་ནུས་ཀྱི་གནད་ཚད་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས་འཁྱགས་རོམ་རིམ་དབྱེའི་སྲུང་སྐྱོབ་མིང་གཞུང་བཟོ་དགོས། སྲུང་སྐྱོབ་མིང་གཞུང་དེ་ངེས་པར་དུ་དུས་བཀག་ལྟར་གསར་སྒྱུར་བྱེད་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙང་གསུམ་ཆུ་འགོ་དང་། བྱང་ཐང་། རི་བོ་ཇོ་མོ་གླང་མ། གངས་རིན་པོ་ཆེ། ཡར་ཀླུང་གཙང་པོའི་རོང་ཆེན། ཀའོ་ལི་ཀུང་རི(པོ་ཧྲུའུ་ལ་ལིང་)སོགས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། ངེས་པར་དུ་འཁྱགས་རོམ་དང་ཉེ་འཁོར་གྱི་སྐྱེ་ཁམས་མ་ལག་མཉམ་དུ་སྲུང་སྐྱོབ་བྱས་ནས་གལ་ཆེའི་རང་བྱུང་སྐྱེ་ཁམས་མ་ལག་གི་ཐོག་མའི་རྣམ་པ་དང་ཆ་ཚང་རང་བཞིན་རྒྱུན་འཁྱོངས་དང་། འཁྱགས་རོམ་སྲུང་སྐྱོབ་ལ་ཕན་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་འཁྱོངས་ཐུབ་པ་བྱེད་དགོས།
དོན་ཚན་བཅུ་བདུན་པ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཁྱགས་རོམ་སྲུང་སྐྱོབ་བྱེད་སྐབས། ངེས་པར་དུ་འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་སོགས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་ཞྭའི་འཁྱགས་རོམ་ཆེ་གྲས་དང་གཞི་ཁྱོན་ཆུང་བའི་འཁྱགས་རོམ་མུ་འབྲེལ་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་སྟེ་གལ་ཆེའི་འཁྱགས་རོམ་ཁུལ་བཀག་སྡོམ་དང་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། བྱེད་ཐབས་ནུས་ལྡན་སྤྱད་དེ་མིས་གཏོར་སྐྱོན་གཏོང་རིགས་ནན་འགོག་བྱེད་དགོས།
དོན་ཚན་བཅུ་དགུ་པ། རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་སོགས་རང་བྱུང་སྲུང་སྐྱོབ་ས་ཆ་དང་། དེ་བཞིན་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནང་བཅུག་མེད་པའི་འཁྱགས་རོམ་ཉེ་འཁོར་དུ་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱེད་པ་དང་དེ་བཞིན་བྱེ་མ་སྔོག་པ་དང་། གཏེར་ཁ་འདོན་པ། རྡོ་བཤག་པ། ཤིང་གཅོད་པ། ས་ལེན་པ། ཆུ་ལེན་པ་སོགས་ཀྱི་ལས་སྒོ་སྤེལ་དགོས་ཚེ། སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། ཆུའི་སྲིད་འཛིན། ཞིང་ལས་དང་གྲོང་གསེབ། ནགས་ལས་དང་རྩྭ་ཐང་སོགས་སྡེ་ཚན་གྱིས་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་དང་། གཏེར་འདོན་ཆོག་འཐུས། ཆུ་ལེན་ཆོག་འཐུས། ཤིང་གཅོད་ཆོག་འཐུས་སོགས་ཀྱི་འབྲེལ་ཡོད་འགྲོ་ལུགས་སྒྲུབ་སྐབས། ངེས་པར་དུ་འཁྱགས་རོམ་ཉེ་འཁོར་གྱི་འཛུགས་སྐྲུན་དང་བེད་སྤྱོད་བྱེད་པའི་དགོས་ངེས་རང་བཞིན་དང་། ལུགས་མཐུན་རང་བཞིན། དེ་བཞིན་འཁྱགས་རོམ་སྲུང་སྐྱོབ་བྱེད་ཐབས་སོགས་ཀྱི་ནང་དོན་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། འཛུགས་སྐྲུན་ཚན་པའམ་ཡང་ན་ཆོག་མཆན་ཐོབ་མཁན་ལ་བླང་བྱ་བཏོན་ནས་འཁྱགས་རོམ་ལ་གནོད་གཞི་ཕོག་བཟོ་ཡོད་པ་སེལ་བའམ་ཉུང་དུ་གཏོང་རྒྱུའི་བྱ་ཐབས་སྤྱོད་དུ་འཇུག་དགོས།
དོན་ཚན་ཉི་ཤུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཐད་ཀྱི་ཚན་ཞིབ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འཁྱགས་རོམ་དང་འཁྱགས་མཚེའུ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། འཁྱགས་རོམ་གྱི་འགྱུར་རྐྱེན། འཁྱགས་རོམ་བཞུར་བར་ཁ་གཏད་གཅོག་ཐབས། འཁྱགས་རོམ་གྱི་གནོད་འཚེ་འགོག་བཅོས་སོགས་འཁྱགས་རོམ་སྲུང་སྐྱོབ་བྱེད་པའི་འགག་རྩའི་ཁྱབ་ཁོངས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་དང་། གསར་སྤེལ། བེད་སྤྱོད། ཁྱབ་གདལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཚན་ཞིབ་ཚན་པས་འཁྱགས་རོམ་ལྟ་དཔྱད་དང་ཞིབ་འཇུག་ས་ཚིགས། འཁྱགས་རོམ་སྲུང་སྐྱོབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་ཚན་ཞིབ་རྟེན་གཞི་འཛུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།
དོན་ཚན་ཉེར་གཅིག་པ། འཁྱགས་རོམ་ཡོད་སའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ནགས་ཚལ་དང་། རྩྭ་ཐང་། གཤེར་ས། ཆུ་བོ། མཚེའུ་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་དོ་སྙོམས་དང་། ཆུ་རྩ་གསོ་འཁྱོངས། གནམ་གཤིས་སྙོམས་སྒྲིག ས་ཆུ་སྲུང་འཛིན། བྱེ་འགོག་ས་འཇགས་སོགས་འཁྱགས་རོམ་བཞུར་འགོག་ཐད་ནགས་ཚལ་དང་། རྩྭ་ཐང་། གཤེར་ས། ཆུ་བོ། མཚེའུ་བཅས་ཀྱི་ནུས་པ་གང་ལེགས་འདོན་ཐུབ་པ་བྱེད་དགོས།
དོན་ཚན་ཉེར་གཉིས་པ། འཁྱགས་རོམ་སྲུང་སྐྱོབ་ལས་དོན་སྒྲུབ་སྐབས་ངེས་པར་དུ་འཁྱགས་རོམ་ཡོད་སའི་སྔར་སྡོད་ཡུལ་མིའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་བསམ་གཞིགས་བྱེད་དགོས།
འཁྱགས་རོམ་ཡོད་སའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྔར་སྡོད་ཡུལ་མིར་འཁྱགས་རོམ་དང་དེའི་ཉེ་འཁོར་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཕན་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཐད་ཁྲིད་སྟོན་དང་རོགས་རམ་བྱེད་དགོས་པ་དང་། སྔར་སྡོད་ཡུལ་མིས་ཁོར་ཡུག་མཐུན་འཕྲོད་ཅན་གྱི་གཉེར་སྐྱོང་ལས་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་པ་མ་ཟད། སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བྱ་སྤྱོད་ཚད་གཞི་ལག་བསྟར་བྱས་ཏེ། མི་དང་ས་ཁམས་ཞི་མཐུན་གྱི་སྐྱེ་ཁམས་ཐོན་ལས་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས།
འཁྱགས་རོམ་ཡོད་སའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་བདག་སྐྱོང་ལས་གནས་དྲག་འདེམས་གདན་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འཁྱགས་རོམ་ཡོད་ས་དང་དེའི་ཉེ་འཁོར་གྱི་སྔར་སྡོད་ཡུལ་མི་རྣམས་སྐྱེ་ཁམས་སྐོར་ཞིབ་དང་ལྟ་སྐྱོང་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུ་སྔོན་ལ་བཀོད་སྒྲིག་བྱེད་དགོས་པ་མ་ཟད། ཁ་གསབ་འོས་འཚམ་སྤྲོད་དགོས།
དོན་ཚན་ཉེར་གསུམ་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་བྱས་པ་ལས་ཐོན་པའི་གཏོང་སྒོ་འཕར་བའམ་ཡང་ན་མ་གནས་འདོན་མཁན་བྱེད་པོར་ཁ་གསབ་སྤྲོད་དགོས། ཁ་གསབ་ཀྱི་ཚད་གཞི་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་འཕེལ་བསྒྱུར་སྡེ་ཚན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་འཁྱགས་རོམ་སྲུང་སྐྱོབ་ཀྱི་དམིགས་ཚད་དང་། དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད། ནོར་སྲིད་ཀྱི་ཐེག་ནུས། འཁྱགས་རོམ་སྲུང་སྐྱོབ་ཀྱི་མ་གནས་དང་ཕན་འབྲས་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་གཏན་འཁེལ་བྱེད་དགོས།
ཕན་པ་ཐོབ་མཁན་ས་ཁུལ་དང་འཁྱགས་རོམ་ཡོད་སའི་ས་ཁུལ་གྱིས་ས་གནས་དེ་གའི་དངོས་ཡོད་དགོས་མཁོ་སོགས་ལ་གཞིགས་ཏེ་མ་དངུལ་གྱི་ཁ་གསབ་དང་། ཁ་གཏད་མཉམ་ལས། ཐོན་ལས་སྤོ་སྒྱུར། ཤེས་ལྡན་མི་སྣ་གསོ་སྦྱོང་། གླིང་ཁུལ་མཉམ་སྐྲུན་སོགས་ལ་གྲོས་འདེམས་བྱས་ཏེ་འཕྲེད་ཕྱོགས་ཀྱི་ཁ་གསབ་སྤྲོད་རྒྱུར་སྐུལ་མ་གཏོང་དགོས།
དོན་ཚན་ཉེར་བཞི་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་འཁྱགས་རོམ་གྱི་འདམ་རུད་དང་། གངས་འཁྱགས་ཀྱི་ཆུ་ལོག གངས་རྡིབ། འཁྱགས་རུད། འཁྱགས་མཚོའི་རགས་ཁ་ཤོར་བ་སོགས་འབྲེལ་ཡོད་ཀྱི་རང་བྱུང་གནོད་འཚེ་ཐོན་སླ་བའི་ཉེན་ཁའི་ཡོང་གཞི་དང་ཉེན་ཆེའི་ས་ཁོངས་ལ་ཁྲིམས་ལྟར་བརྟག་དཔྱད་དང་། ཐོ་འགོད། ཉེན་ཁའི་ཚོད་སྐོར་བཅས་བྱེད་དགོས་པ་དང་། ཞིབ་བཤེར་དང་ལྟ་སྡོམ་བྱ་རྒྱུའི་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཚན་པར་ཉེན་ཟོན་བྱ་ཐབས་སྤྱོད་དུ་འཇུག་དགོས།
འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བའི་ཆ་འཕྲིན་ལས་སྟེགས་བཙུགས་ཐོག འཁྱགས་རོམ་གྱི་རང་བྱུང་གནོད་འཚེའི་ཁྱད་ཆོས་དང་ཐོན་བཟོ་ཡོད་པའི་གནོད་འཚེར་གཞིགས་ནས་ཁྲིམས་ལྟར་ཉེན་བརྡའི་ཆ་འཕྲིན་གཏོང་དགོས་པ་མ་ཟད་དེ་མཚུངས་ཀྱི་ཉེན་ཟོན་བྱ་ཐབས་སྤྱོད་དགོས།
འཁྱགས་རོམ་གྱི་རི་རུད་དང་། གངས་འཁྱགས་ཀྱི་ཆུ་ལོག གངས་རྡིབ། འཁྱགས་རུད། འཁྱགས་མཚོའི་རགས་ཁ་ཤོར་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་རིགས་ལ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འཕྲལ་སྡོམ་བྱ་སྤྱོད་སྤེལ་རྒྱུ་དང་། ཁྲིམས་ལྟར་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་སྤྱོད་དགོས། རང་བྱུང་གནོད་འཚེའི་འཇིགས་པ་དང་ཉེན་ཁ་ཚོད་འཛིན་ཐུབ་པའམ་ཡང་ན་མེད་པར་བཟོས་རྗེས་ངེས་པར་དུ་གནོད་འཚེ་གཙང་བཅོས་དང་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་ལས་དོན་སྤེལ་རྒྱུ་དུས་ཐོག་ཏུ་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ཉེར་ལྔ་པ། འཁྱགས་རོམ་ཡོད་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཁྱགས་རོམ་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཞུ་སྦྱོར་ཐེར་འདོན་བྱེད་པའི་ལམ་ལུགས་འཐུས་ཚང་བཟོས་ནས། ཞུ་སྦྱོར་ཐེར་འདོན་གྱི་ཁ་པར་དང་དྲ་ཚིགས་སོགས་ཡོངས་བསྒྲགས་བྱེད་དགོས།
ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཚང་མར་འཁྱགས་རོམ་སྲུང་སྐྱོབ་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཞུ་སྦྱོར་ཐེར་འདོན་བྱེད་དབང་ཡོད།
འབྲེལ་ཡོད་སྡེ་ཚན་ལ་ཞུ་སྦྱོར་ཐེར་འདོན་འབྱོར་རྗེས། ངེས་པར་དུ་གཏན་འབེབས་གཞིར་བཟུང་ཞིབ་དཔྱད་དང་ཐག་གཅོད་བྱེད་དགོས། དེའི་འགན་ཁོངས་སུ་མི་གཏོགས་པའི་རིགས་ངེས་པར་དུ་ཐག་གཅོད་བྱེད་དབང་ཡོད་མཁན་གྱི་སྡེ་ཚན་ལ་དུས་ཐོག་ཏུ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱེད་དགོས།
དོན་ཚན་ཉེར་དྲུག་པ། འཁྱགས་རོམ་ཡོད་སའི་རིམ་ཁག་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འཁྱགས་རོམ་སྲུང་སྐྱོབ་ཀྱི་འགན་འཁྲི་བསྒྲུབ་མེད་པའམ་ཡང་ན་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་བྱེད་སྤྱོད་གཞན་དག་ཡོད་ཚེ། འགན་ཡོད་འགོ་ཁྲིད་མི་སྣ་དང་ཐད་ཀའི་འགན་འཁུར་མི་སྣར་ཁྲིམས་བཞིན་ཆད་པ་གཅོད་དགོས།
དོན་ཚན་ཉེར་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། འཛུགས་སྐྲུན་ཚན་པའམ་ཡང་ན་ཆོག་མཆན་ཐོབ་མཁན་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་དང་དེ་བཞིན་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཁོངས་ཀྱི་དམར་ཐིག་ནང་བཅུག་མེད་པའི་འཁྱགས་རོམ་གྱི་ཉེ་འཁོར་དུ་གཞུང་ལམ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའམ་ཡང་ན་བྱེ་མ་སྔོག་པ་དང་། གཏེར་ཁ་འདོན་པ། རྡོ་བཤག་པ། ཤིང་གཅོད་པ། ས་ལེན་པ། ཆུ་ལེན་པ་སོགས་ཀྱི་ལས་དོན་སྤེལ་སྐབས། བླང་བྱ་ལྟར་བྱ་ཐབས་སྤྱད་དེ་འཁྱགས་རོམ་གྱི་གནོད་རྐྱེན་མི་སེལ་བ་དང་ཉུང་དུ་མི་གཏོང་མཁན་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། དུས་བཀག་ལྟར་སྔར་རྣམ་སླར་གསོའམ་ཡང་ན་གསབ་བཅོས་ཀྱི་བྱ་ཐབས་གཞན་དག་སྤྱོད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་གཉིས་ཡན་ནས་ཁྲི་བཅུ་མན་གྱི་དངུལ་ཆད་འགེལ་རྒྱུ།
དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་། སྲོལ་ཡིག་འདིའི་ནང་ཆད་གཅོད་ཀྱི་གཏན་འབེབས་བཟོས་མེད་པའི་བྱ་སྤྱོད་རིགས། བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་གཅོད་ཀྱི་གཏན་འབེབས་བྱས་དོན་བཞིན་ལག་བསྟར་བྱེད་དགོས།
དོན་ཚན་ཉེར་དགུ་པ། སྲོལ་ཡིག་འདི་2024ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
(ལྗོངས་མི་དམངས་འཐུས་ཚོགས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)