ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡིག་སྐུར་ངོ་བཅར་ཅུས་སུ་བརྟག་ཞིབ་གནང་བ་མ་ཟད་ངོ་བཅར་མང་ཚོགས་ལ་སྣེ་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2024-12-17 09:00:00】


ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡིག་སྐུར་ངོ་བཅར་ཅུས་ཀྱི་ལས་དོན་མི་སྣ་དང་སྤེལ་རེས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས13ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡིག་སྐུར་ངོ་བཅར་ཅུས་སུ་བརྟག་ཞིབ་གནང་བ་མ་ཟད་ངོ་བཅར་མང་ཚོགས་ལ་སྣེ་ལེན་བྱས་པ་དང་། ཁོང་གིས་མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།《ཡིག་སྐུར་ངོ་བཅར་ལས་དོན་སྲོལ་ཡིག》དང་རྒྱལ་ཡོངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། གནད་དོན་གྱི་ཁ་ཕྱོགས་ཁྲིད་སྟོན་དང་། མཇུག་འབྲས་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་། ཡིག་སྐུར་ངོ་བཅར་གྱོད་དོན་ཧུར་ཐག་ཐག་གཅོད་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད།

ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་དུ། ཀྲོང་ཅིན་སུང་གིས་ལས་དོན་མི་སྣ་དང་བྱམས་བརྩེའི་གླེང་མོལ་བྱས་ནས་ཉེ་དུས་ཡིག་བསྐུར་ངོ་བཅར་ཡོང་བའི་མང་ཚོགས་སྣེ་ལེན་དང་། བར་འདུམ་ཐག་གཅོད་བྱེད་པ་བཅས་ཀྱི་འབྲེལ་ཡོད་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་དོན་མི་སྣའི་རྒྱུན་ལྡན་གྱི་ཞུ་གཏུག་དང་ལེན་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་འདྲི་རྩད་བྱས་པ་རེད།

ཀྲོང་ཅིན་སུང་གིས་ཡིག་སྐུར་ངོ་བཅར་ཡོང་བའི་མང་ཚོགས་དང་གླེང་མོལ་ཞིབ་ཕྲ་གནང་ཞིང་ངང་རྒྱུད་རིང་པོས་རེ་ཞུ་དང་རེ་སྒུག་འདྲི་རྩད་བྱས་ནས་གནས་ཚུལ་ཤེས་རྟོགས་བྱས་པ་རེད། མང་ཚོགས་ཀྱིས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་ཀྱི་གནད་དོན་གསལ་ཞུ་བྱེད་པ་ཤེས་རྗེས། ཀྲོང་ཅིན་སུང་གིས་དོ་བདག་ཕྱོགས་རྣམས་བསྐོངས་ནས་གནད་དོན་གྱི་གནད་འགག་གསེད་བཀྲོལ་བྱས་ཤིང་། གྲོང་ཁྱེར་རིམ་པའི་འབྲེལ་ཡོད་ཚན་པ་དང་། རྒྱལ་གཉེར་ཁེ་ལས། བཟོ་སྐྲུན་ཨར་ལས་ཀུང་སི། བཅའ་ཁྲིམས་བློ་འདྲི་བ་སོགས་དང་མཉམ་དུ་ཐག་གཅོད་ཇུས་གཞི་གྲོས་མོལ་བྱས་པ་མ་ཟད། འབྲེལ་ཡོད་ཚན་པས་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་དུས་ཐོག་ཏུ་ཆད་ལུས་མེད་པར་ཆད་དངུལ་གཙང་སྤྲོད་བྱས་ནས་ལས་གྲྭའི“འགྱངས་ཆད་གཉིས”ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་པ་བྱས་ཏེ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་སུ་བརྟག་ཞིབ་གནང་སྐབས། ཀྲོང་ཅིན་སུང་གིས་ཏང་ལ་བློ་དཀར་ཞིང་བློས་འགེལ་ཆོག་པ་དང་། དམངས་ཀྱི་ཆེད་དུ་འགན་འཁྲི་ནན་པོ་འཁུར་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་གྲོང་ཁྱེར་ཡོངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་བཤད་གནང་ཡོད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་དང་། དམངས་ཀྱི་བསམ་འདུན་ཉན་པའི་སྐར་ཁུང་། དམངས་ཀྱི་དཀའ་ངལ་བརྟག་དཔྱད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞེས་བསྟན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་མཛུབ་སྟོན་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང”དར་སྤེལ་གཏོང་བ་དང་།“གནད་འཁེལ་གསུམ་དང་ཐག་གཅོད་གཅིག”གི་རྩ་དོན་ལག་བསྟར་ནན་པོ་བྱེད་པ། ཡིག་སྐུར་ངོ་བཅར་ལས་དོན་གྱི“ཁྲིམས་སྐྱོང་ཅན་གྱི་བླང་བྱ་ལྔ”ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ། རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་། སྒོ་ཕྱེ་ནས་ཡིག་སྐུར་ངོ་བཅར་ཞུ་གཏུག་ལ་སྣེ་ལེན་བྱེད་པ། ཡིག་སྐུར་ངོ་བཅར་ཞུ་གཏུག་གི་གྱོད་དོན་ལ་སྣེ་ལེན་དང་། ལེགས་སྒྲིག ཐག་གཅོད། འདུམ་འགྲིག་བཅས་བྱེད་པའི་ལམ་སྲོལ་དང་བྱེད་ཐབས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་རིགས་དབྱེའི་ཇུས་འདོན་བྱེད་པ་དང་། དོ་དམ་གནད་འཕིགས་བྱེད་པ། དུས་བཀག་ནང་སྒྲུབ་གཉེར་བཅས་བྱ་དགོས། ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་ལ་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་དྲང་གཞག་དྲང་བདེན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཅེས་གསུངས།

ཀྲོང་ཅིན་སུང་གིས་ཡིག་སྐུར་ངོ་བཅར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་དང་ཡང་འབྲེལ་བ་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་མི་དམངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ཧྲུའུ་ཅི་ཝང་ཅོན་ཀྲེང་གིས“འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུར་སྣང་ཆེན་བྱེད་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདུམ་འགྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ”བཅས་ཀྱི་མཛུབ་སྟོན་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཐོག་《ཡིག་སྐུར་ངོ་བཅར་ལས་དོན་སྲོལ་ཡིག》དང་རྒྱལ་ཡོངས་ཀྱི་ཡིག་སྐུར་ངོ་བཅར་ལས་དོན་ཚོགས་འདུའི་དགོངས་དོན་གྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ཡིག་བསྐུར་ངོ་བཅར་ལས་དོན་གྱི་ཆོས་ཉིད་དང་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པར་བྱེད་ཅིང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རང་འགན་གཞན་དཀྲི་གཏན་འགོག་བྱེད་པ། ཡིག་བསྐུར་ཞུ་གཏུག་ལས་དོན་གྱི་རྒྱང་ལྟའི་རང་བཞིན་དང་། བརྒྱུད་རིམ་རང་བཞིན། དམིགས་སའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བཅའ་ཁྲིམས་དང་། སྲིད་ཇུས། དཔལ་འབྱོར་སོགས་ཀྱི་བྱེད་ཐབས་དང་སློབ་གསོ་དང་། འདུམ་འགྲིག ལམ་སྟོན་བཅས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱོད་པ་བཅས་བྱེད་ནས་འགལ་བ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་ཐུབ་ནས་མེད་པར་བཟོ་བ་དང་། ཐོན་མ་ཐག་ནས་ལམ་སེང་རྩ་མེད་བཟོ་བ། གནད་དོན་ཆུང་ངུ་དེ་གནད་དོན་ཆེན་པོར་མི་འགྱུར་བ་དང་སྤྱིར་བཏང་གི་གནད་དོན་དེ་མངོན་གསལ་དོད་པའི་གནད་དོན་དུ་མི་འགྱུར་བ་བཅས་ཐུབ་ངེས་བྱེད་དགོས། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བརྒྱུད་རིམ་ལ་བརྩིས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཅེས་གསུངས་པ་རེད།