གསར་འགྱུར་སྤེལ་དུས། 【2024-12-20 09:00:00】
ཟླ་12ཚེས་11དང་12ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ཟླ་12ཚེས་11དང་12ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། 2024ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2025ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་ཕྱིན་པའི་རྙོག་འཛིང་དང་ཛ་དྲག་ཆེ་བའི་དུས་བབ་ལ་དམིགས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཁ་གཏད་ནན་འཇལ་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པས། དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ཐུབ་ཉེར་ཡོད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་སེལ་གོ་རིམ་ལྡན་ལ་ཕན་འབྲས་ཐོན་པ། དམངས་འཚོ་འགན་ལེན་ཏན་ཏིག་དང་ནུས་ལྡན་བྱུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། ལོ་གཅིག་རིང་གི་འཕེལ་རྒྱས་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་པ་དང་། གྲུབ་འབྲས་ནི་མི་རྣམས་ལ་སྐུལ་ལྕག་ཐེབས་འོས་པ་ཞིག་ཡོད། ལྷག་པར་དུ་ཟླ་9ཚེས་26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུས་འཕར་ཚད་ཀྱི་སྲིད་ཇུས་སྦབ་ཆ་གཅིག་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་བྱས་པས། སྤྱི་ཚོགས་ཀྱི་གདེང་ཚོད་ནུས་ལྡན་ངང་འཕེལ་བ་དང་དཔལ་འབྱོར་བསྐྱར་འཕར་མངོན་གསལ་དོད་པོ་བྱུང་ཡོད།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཕྱི་རོལ་ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཆེ་རུ་ཕྱིན་པ་དང་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་པ་དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ནང་གི་དགོས་མཁོ་ཉུང་དུ་ཕྱིན་པ་དང་། ཁེ་ལས་ཁག་གཅིག་གི་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་པ། མང་ཚོགས་ཀྱི་ལས་ཞུགས་དང་འབབ་འཕར་ལ་གནོན་ཤུགས་འཕྲད་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔར་བཞིན་མང་བ་བཅས་རེད། དུས་མཚུངས་རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་ཡོད་པ་དང་། དགེ་མཚན་མང་བ། མཉེན་ཆ་ཆེ་བ། གཏིང་ཤུགས་ཆེ་བ་བཅས་ཡོད་པས། ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་བ་བྱུང་མེད་པ་ངེས་པར་དུ་ཤེས་དགོས། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཡིད་ཆེས་བརྟན་དུ་བཏང་ནས་ཕྱོགས་ཁག་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དེ་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་གང་ཐུབ་བྱེད་དགོས། ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ལག་ལེན་ཁྲོད་ང་ཚོས་དཔལ་འབྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ་དང་། འགག་རྩའི་དུས་སྐབས་དང་འགག་རྩའི་མཚམས་ཚིགས་སུ་ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱས་ཡོད། ནུས་ལྡན་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་དབར་གྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ནས“གློད་ཐུབ”ལ“སྡོམ་ཐུབ་པ”ཡི་དཔལ་འབྱོར་སྒྲིག་ལམ་ཆགས་པར་བྱེད་དགོས། སྤྱིའི་མཁོ་སྤྲོད་དང་སྤྱིའི་དགོས་མཁོའི་དབར་གྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཡོང་བར་བྱེད་དགོས། འགུལ་ནུས་གསར་པ་གསོ་སྐྱོང་དང་འགུལ་ནུས་རྙིང་པ་གསར་བརྗེས་ཀྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས། འཕར་འབོར་ལེགས་སུ་གཏོང་བ་དང་གསོག་འབོར་ཕན་སྒྱུར་གྱི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ནས་ཐོན་ཁུངས་བཀོད་སྒྲིག་གི་ཕན་འབྲས་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས། སྤུས་ཚད་མཐོར་གཏོང་དང་སྤྱི་འབོར་ཆེར་གཏོང་གི་འབྲེལ་བར་ངེས་པར་དུ་སྤྱི་འདོམས་ཡག་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་བརྟན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ། གཞི་ཆེའི་སྲིད་ཇུས་དེ་བས་ཧུར་བརྩོན་ཆེན་པོས་ལག་ལེན་བསྟར་བ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁང་ཁྲོམ་དང་རྐང་འཛིན་ཁྲོམ་ར་བརྟན་པོ་ཡོང་བ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་རྡབ་རྡེག་འགོག་ཟོན་དང་སེལ་བ། སྔོན་དཔག་བརྟན་པོ་དང་གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་བསྐྱར་འཕར་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།
ཚོགས་འདུའི་ཐོག་བསྟན་དོན། སང་ལོའི་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་དང་། ལས་ཞུགས་དང་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་དཔལ་འབྱོར་འཕར་རྒྱུ་གཉིས་གོམ་སྟབས་གཅིག་མཚུངས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སང་ལོ་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གཞུང་འཁྱོངས་གསར་འབྱེད་དང་སྔོན་འཛུགས་རྗེས་གཏོར། མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་བཅས་བྱས་ཏེ། སྲིད་ཇུས་ཀྱི་ལག་ཆའི་སྒམ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་ཆེ་སྟངས་འཛིན་གྱི་སྔོན་མཐོང་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་དགོས།
དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་ལེན་བསྟར་དགོས། ནོར་སྲིད་མཚལ་ཡིག་གི་ཚད་གཞི་མཐོ་རུ་བཏང་སྟེ། ནོར་སྲིད་ཀྱི་སྲིད་ཇུས་ལ་རྒྱུན་མཐུད་ཤུགས་རྒྱག་པ་དང་དེ་བས་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། ནོར་སྲིད་ཀྱི་གཏོང་ཆའི་ཤུགས་ཚད་ཆེ་རུ་གཏོང་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་ཚད་མང་དུ་བཏང་ནས། “གལ་ཆེན་གཉིས”ཀྱི་རྣམ་གྲངས་དང“གསར་གཉིས”ཀྱི་སྲིད་ཇུས་ལག་ལེན་བསྟར་བར་རྒྱུན་མཐུད་རྒྱབ་སྐྱོར་བྱེད་དགོས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་ལོར་འགྲེམས་སྤེལ་དང་བེད་སྤྱོད་བྱེད་ཚད་མང་དུ་བཏང་ནས། མ་དངུལ་འཇོག་ཡུལ་དང་རྣམ་གྲངས་ཀྱི་མ་རྩར་སྤྱོད་པའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱི་གཏོང་ཆའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བ། དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་དོ་སྣང་ཆེན་པོ་བྱས་ཏེ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་དགོས། ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་མཐའ་འཁྱོངས་བྱེད་དགོས།
འོས་འཚམ་ལྷུག་ཏུ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་དགོས། དངུལ་ལོར་སྲིད་ཇུས་ཀྱི་ལག་ཆའི་བསྡོམས་འབོར་དང་གྲུབ་ཆའི་ཕྱོགས་གཉིས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། སྐབས་དང་བསྟུན་ནས་སྐྱེད་ཚད་དང་སྐྱེད་ཀ་གཅོག་པ། འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁྱོན་དང་དངུལ་ལོར་མཁོ་སྤྲོད་བྱེད་འབོར་གྱི་འཕར་ཚད་དེ་དཔལ་འབྱོར་འཕེལ་རྒྱས་དང་རིན་གོང་གི་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་ཚད་དང་ཕན་ཚུན་སྙོམ་སྒྲིག་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་དབྱང་དངུལ་ཁང་གི་གཞི་ཆེ་གཟབ་ནན་དང་དངུལ་རྩ་བརྟན་པོ་ཡོང་བའི་ནུས་པ་འཚོལ་ཞིབ་དང་རྒྱ་སྐྱེད་བཏང་ནས། དངུལ་རྩའི་ལག་ཆ་གསར་གཏོད་དང་དངུལ་རྩའི་ཁྲོམ་ར་བརྟན་པོ་སྲུང་སྐྱོང་བྱེད་དགོས།
སྲིད་ཇུས་ཀྱི“སྣ་འདུས་ཐབས་བཟང”ལེགས་པོ་སྤྱོད་དགོས། ནོར་སྲིད་དང་། དངུལ་ལོར། ལས་ཞུགས། ཐོན་ལས། ས་ཁོངས། ཚོང་དོན། ཁོར་ཡུག་སྲུང་སྐྱོང་། ལྟ་འདོམས་སོགས་ཀྱི་སྲིད་ཇུས་དང་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་དབར་གྱི་ཕན་ཚུན་འབྲེལ་གཏུག་དང་གྲོས་མོལ་ལན་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། སྲིད་ཇུས་ཀྱི་འགྲིལ་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་སྲིད་ཇུས་དང་དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་དེ་གཞི་ཆེའི་སྲིད་ཇུས་ཀྱི་ལེན་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ནང་འཇུག་པ་དང་། སྲིད་ཇུས་གཏན་འབེབས་དང་ལག་བསྟར་གྱི་གོ་རིམ་ཧྲིལ་པོར་སྤྱི་འདོམས་བྱེད་པ། སྲིད་ཇུས་ཀྱི་སྤྱི་ཡོངས་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཚོགས་འདུར། སང་ལོའི་གཙོ་གནད་ལས་འགན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་གཏན་འབེབས་བྱས་པ་གཤམ་གསལ།
གཅིག་ནས་འཛད་སྤྱོད་བྱེད་ཤུགས་དང་མ་འཇོག་གི་ཕན་འབྲས་ཆེ་རུ་བཏང་སྟེ། རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་དགོས། འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་ཡོང་སྒོ་ཇེ་མང་དང་ཁུར་པོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་དང་། འཛད་སྤྱོད་ཀྱི་ནུས་པ་དང་འདུན་པ་ཆེ་རུ་དང་རིམ་པ་མཐོ་རུ་གཏོང་དགོས། རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་འོས་འཚམ་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱེད་དགོས། “གསར་གཉིས”སྲིད་ཇུས་ལག་བསྟར་བྱེད་ཁྱོན་ཆེ་རུ་བཏང་ནས། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་དང་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ། རིག་གནས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕུད་འགྲེམ་དཔལ་འབྱོར་དང་། གངས་འཁྱགས་དཔལ་འབྱོར། དབུ་དཀར་དཔལ་འབྱོར་བཅས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། གོང་ནས་འོག་བར་གྱི་རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ“གལ་ཆེན་གཉིས”ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་བྱེད་ཚད་འོས་འཚམ་མཐོ་རུ་གཏོང་དགོས། ནོར་སྲིད་དང་དངུལ་རྩའི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། སྲིད་གཞུང་གི་མ་འཇོག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་མ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རྣམ་གྲངས་གལ་ཆེན་སྔ་ཙམ་ནས་ཇུས་འགོད་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་ལག་ལེན་ཤུགས་ཆེན་བསྟར་དགོས། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་ཀྱི་མ་གནས་ཆུང་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་དགོས།
གཉིས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་དགོས། རྨང་གཞིའི་ཞིབ་འཇུག་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་དང་། ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་སྔོན་ཚུད་ནས་བཀོད་སྒྲིག་བྱེད་པ། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལྗོངས་རྣམ་གསར་པ་བཅས་གཞི་ཁྱོན་ཆེན་པོས་སྤྱོད་པའི་དཔེ་སྟོན་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། “མི་ཐབས་རིག་ནུས་+”བྱ་སྤྱོད་སྤེལ་ནས་འབྱུང་འགྱུར་གྱི་ཐོན་ལས་སྐྱེད་སྲིང་བྱེད་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་མང་བའི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕུགས་བརྟན་མ་རྩ་སྟོབས་ཆེར་གཏོང་བ། ལས་གཏོད་མ་འཇོག་ནང་སྤྱི་ཚོགས་ཀྱི་མ་རྩ་ཞུགས་པའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ། གསར་གཏོད་རྣམ་པའི་ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བཅས་བྱེད་དགོས། “གྲིམ་མདུད་རྣམ་པའི”འགྲན་རྩོད་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། གྲངས་འཛིན་ལག་རྩལ་དང་ལྗང་མདོག་ལག་རྩལ་ཧུར་ཐག་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་དགོས།
གསུམ་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་བཏོན་ནས་མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་མཐོར་གཏོང་གི་བྱ་སྤྱོད་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས། དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འདོན་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པའི་ཁྲིད་སྟོན་གཏན་འབེབས་བྱེད་དགོས། ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ས་གནས་ཀྱི་རང་བརྟེན་ནོར་ཤུགས་ཆེ་རུ་གཏོང་དགོས། མ་རྩའི་ཁྲོམ་རའི་མ་དངུལ་འདུ་གཏོང་གི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་བྱས་ནས། དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་པའི་དཀའ་གནད་དང་འགག་གནད་བསལ་ཏེ་མ་རྩའི་ཁྲོམ་རའི་ལམ་ལུགས་ཀྱི་བསྟུན་མཁས་རང་བཞིན་དང་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་དགོས།
བཞི་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་སྟེ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བར་བྱེད་དགོས། རང་བརྟེན་སྒོ་དབྱེ་དང་ཕྱོགས་རྐྱང་པའི་སྒོ་དབྱེ་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་དབྱེ་གོམ་སྟབས་བརྟན་པོས་རྒྱ་ཆེར་གཏོང་བ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྤུས་འབྲས་ལེགས་གཉེར་དང་སྒྱུར་བཅོས་ལས་འགན་གྱི་དབང་ཆ་གཤམ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་སྲིད་ཇུས་གཙོ་བོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་མགྱོགས་གཏོང་དགོས། ཞབས་ཞུའི་ཚོང་དོན་དང་། ལྗང་མདོག་ཚོང་དོན། གྲངས་འཛིན་ཚོང་དོན་བཅས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། གློག་འཕྲིན་དང་། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་དབྱེའི་ཚོད་ལྟ་བྱེད་རྒྱ་ཆེ་རུ་བཏང་སྟེ། “ཀྲུང་གོར་མ་དངུལ་འཇོག་པའི”སྤུས་རྟགས་རྒྱུན་མཐུད་གཏོད་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱི་རྒྱལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།
ལྔ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་འགོག་སེལ་བྱས་ཏེ་བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་སྲུང་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བར་རྒྱུན་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་དཀྱིལ་གྲོང་ཚོ་དང་ཉེན་ཡོད་ཁང་པ་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ངེས་མཁོའི་སྡོད་ཁང་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་གཏིང་ཤུགས་གང་ལེགས་འདོན་དགོས། ས་ཁང་བདག་ཁོངས་ཀྱི་ས་ཆ་གསར་དུ་འཕར་རིགས་མཁོ་སྤྲོད་ལ་ཚོད་འཛིན་ལུགས་མཐུན་བྱེད་པ་དང་། གསོག་འབོར་ས་ཆ་དང་ཚོང་གཉེར་གཞུང་ལས་ཁང་པ་གང་འགབ་ཅི་སྤྱོད་བྱས་ཏེ། ཚོང་སྒྱུར་ཁང་པའི་གསོག་འབོར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་སྒོ་ནས་འཛུགས་དགོས། ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་ལས་བྱས་ཏེ་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་དགོས།
དྲུག་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་གི་དམར་ཐིག་བརྟན་པོར་སྲུང་བ་དང་རྨོ་ཞིང་གི་བཟུང་གསབ་དོ་སྙོམས་ངང་དོ་དམ་ནན་པོ་བྱེད་དགོས། འབྲུ་རིགས་དང་ཞིང་ཟོག་གཙོ་བོའི་ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་པའི་ཧུར་སེམས་མ་ཉམས་པར་བྱས་ནས། འབྲུ་རིགས་ཀྱི་རིན་གོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ལས་དར་དང་། རྫོང་སྟོབས་ཆེན། མང་ཚོགས་ཕྱུག་འགྱུར་བཅས་གཞི་གཅིག་ཏུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་དགོས། དེང་རབས་ཅན་གྱི་གྲོང་ཁྱེར་གྱི་འཁོར་རྒྱ་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་ཆེན་པོ་དང་གྲོང་ཁྱེར་ཧ་ཅང་ཆེན་པོའི་རིགས་ཀྱི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
བདུན་ནས་ས་ཁོངས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས། ས་ཁོངས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། བྱེད་ནུས་ཁུལ་གཙོ་བོའི་འཐབ་ཇུས་བཅས་ཀྱི་བརྩེགས་སྣོན་ཕན་འབྲས་བཏོན་ཏེ། འཕར་གཞི་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ས་ཁོངས་ཀྱི་གསར་གཏོད་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་ལས་འགན་གཙོ་བོ་ཁུར་བར་རྒྱབ་སྐྱོར་དང་། ས་ཁུལ་གཞན་དག་གིས་ཡུལ་བབ་དང་བསྟུན་པ་དང་སོ་སོའི་ལེགས་ཆ་འདོན་པར་ལྕག་སྐུལ་བྱེད་དགོས། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་བཅས་ས་ཁུལ་ཁག་གི་ཐོན་ལས་མཉམ་ལས་ཟབ་ཏུ་བཏང་སྟེ། རྒྱ་མཚོའི་དཔལ་འབྱོར་དང་མཚོ་ཁུག་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས།
བརྒྱད་ནས་ཐཱན་ཉུང་གཏོང་དང་སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད་དང་འཕར་སྣོན་ཡོང་བ་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་གང་མགྱོགས་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་སྔར་ལས་ཟབ་ཏུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བསྐྲུན་ཏེ། ལྗང་མདོག་སྐྲུན་དངོས་སོགས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། “བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་གཡུལ་འགྱེད་ལ་གྲུབ་འབྲས་གལ་ཆེན་འཐོབ་པར་སྐུལ་འདེད་བཏང་སྟེ། “བྱེ་ཐང་དང་། མྱ་ངམ་ཐང་། ཐང་རྒོད”བཅས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་མགྱོགས་པོ་སྐྲུན་དགོས། ཐཱན་མེད་གླིང་ཁུལ་ཁག་གཅིག་བསྐྲུན་ནས། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན་ལ་སྐུལ་འདེད་དང་ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་དང་ཐཱན་མཚོན་རྟགས་ཀྱི་ཁས་ལེན་དཔང་འདོན་ལམ་ལུགས་འཛུགས་དགོས། གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་བའི་དམག་འཐབ་རྒྱུན་མཐུད་གཏིང་ཟབ་རྒྱག་དགོས། སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་བཟོ་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་འདུ་འགོད་གལ་ཆེན་ལག་ལེན་བསྟར་དགོས། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
དགུ་ནས་དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་རིགས། གྲོང་ཁྱེར་དང་གྲོང་གསེབ། གཞི་རིམ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་བཅས་ཀྱི་ལས་ཞུགས་རྒྱབ་སྐྱོར་འཆར་གཞི་ལག་ལེན་བསྟར་ཏེ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། བབ་བསྟུན་ལས་ཞུགས་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ། གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་པོ་མི་ཐོན་པར་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་སྤུས་ལེགས་ཀྱི་དངོས་གཞིའི་ཚན་ཁག་རྒྱ་སྐྱེད་ལ་སྐུལ་མ་ཏན་ཏིག་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་འདུ་འགོད་ལག་ལེན་བསྟར་ཏེ་བུ་བཙའི་སྲིད་ཇུས་བཟོ་བར་སྐུལ་མ་གཏོང་དགོས། སྡེ་ཁུལ་གྱིས་རྒྱབ་སྐྱོར་བྱེད་པའི་ཁྱིམ་སྡོད་རྒན་གསོ་བྱེད་སྟངས་ལེགས་སུ་བཏང་ནས་ཀུན་ཕན་རྒན་གསོའི་ཞབས་ཞུ་རྒྱ་ཆེར་གཏོང་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། སྤྱི་པའི་བདེ་འཇགས་རིམ་པས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པར་བརྟེན་ནས། རང་རྟོགས་ངང་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་གདེང་ཚོད་བརྟན་དུ་གཏོང་དགོས་པ་མ་ཟད། དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རིག་པ་དྭངས་གསལ་ཐུབ་པ་བྱེད་དགོས། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་བླང་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམིགས་ཚད་ཀྱི་སྣེ་ཁྲིད་ལ་སྣང་ཆེན་དང་། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་ལུགས་མཐུན་འཕར་བ་བཅས་ཀྱི་ལེགས་སྒྱུར་སྡེབ་སྒྲིག་མངོན་འགྱུར་ཤུགས་ཆེན་ཡོང་བར་བྱེད་དགོས། སྲིད་ཇུས་ཀྱི་བླང་ཕྱོགས་ཁོང་དུ་ཆུད་པར་བྱས་ནས། གོ་སྐབས་ཀྱི་སྟོབས་ཤུགས་དོན་གཉེར་གྱིས་ལས་དོན་ཁག་སྔ་ཙམ་སྒྲུབ་ཐུབ་ན་སྔ་ཙམ་སྒྲུབ་པ་དང་དམ་འཛིན་ལྷོད་མེད་ཀྱིས་སྟོབས་ཤུགས་འདང་ངེས་ཡོང་བར་འགན་ལེན་བྱེད་དགོས། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས། རིགས་ཁག་གི་སྲིད་ཇུས་དང་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་སྣང་ཆེན་གྱིས་སྲིད་ཇུས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ཏེ། སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱེད་པ་དང་། དགོས་མཁོ་མི་འདང་བའི་གནད་འགག་མངོན་གསལ་དོད་པོར་དམིགས་ཏེ་ནང་མཁོ་དང་ལྷག་པར་དུ་གྲོང་མིའི་འཛད་སྤྱོད་ཀྱི་དགོས་མཁོ་ཧུར་ཐག་འཕེལ་བར་བྱེད་པ་དང་། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གདིང་རྩའི་འགལ་རྐྱེན་དང་ཕྱི་རོལ་གྱི་འགྲན་སློང་ལ་དམིགས་ཏེ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་འཇུར་མིག་གི་ཚོད་འཛིན་ལ་དམིགས་ཏེ་སྒུལ་ནུས་གསར་རྙིང་བརྟན་ལ་རྒྱུན་མཐུད་ངང་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། ཁེ་ལས་གཉེར་སྐྱོང་ཁྲོད་ཀྱི་ཁེ་ཕན་ལ་ཐུག་པའི་རེ་ཞུར་དམིགས་ཏེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་ལྟ་འདོམས་ཞུབས་ཞུ་ལེགས་སུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་ཉེན་ཁ་ཐག་གཅོད་ལ་རྒྱུན་མཐུད་སྐུལ་འདེད་ཤུགས་ཆེན་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ནུས་ཕྱོད་ཧུར་ཐག་འཕེལ་བར་བྱས་ནས་གཞི་རིམ་གྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་བས་གཅིག་ཏུ་སྒྲིལ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྒྲུབ་གཙོ་བོར་འཛིན་པ་མཐའ་འཁྱོངས་ཀྱིས་གདེང་ཚོད་ཆེར་གཏོང་དང་། དཀའ་བར་མི་འཛེམ་པར་མདུན་སྐྱོད། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། དྲང་ཕྱོགས་ཀྱི་ལྕག་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ལས་གཏོད་ལས་སྒྲུབ་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་ལས་ཀ་སྒྲུབ་འདོད་པ་དང་ལས་ཀ་སྒྲུབ་ཤེས་པའི་ལས་བྱེད་པས་ལས་ཀ་སྒྲུབ་ནུས་པ་དང་ལས་ཀ་སྒྲུབ་ཐུབ་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཆད་གཅོད་དང་བཅོས་སྒྲིག་བྱས་ནས་འདྲ་མཉམ་དང་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་དང་སྤྱོད་གཙང་གཞུང་དྲང་གི་ཚོང་གཉེར་ཁོར་ཡུག་རྒྱུན་འཁྱོངས་བྱེད་དགོས། དམ་པ་དོན་གཉེར་མཐའ་འཁྱོངས་ཀྱིས་གོང་རིམ་ལ་རྣམ་འགྱུར་ཡག་པོ་སྟོན་པ་དང་། འོག་རིམ་ལ་འགན་མི་འཁུར་བ། ཕན་འབྲས་ལ་བསམ་བློ་མི་གཏོང་བ་བཅས་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཀྱི་དོན་རྐྱེན་སྔོན་འགོག་ནུས་ལྡན་དང་དུས་ཐོག་ཏུ་ཁ་གཏད་གཅོག་དགོས། མཐུན་སྦྱོར་མཉམ་འགུལ་བྱེད་ཟབ་ཏུ་བཏང་ནས་རང་གནས་རིང་ལུགས་ལ་ངོ་རྒོལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཉམ་ཤུགས་ཆགས་པར་བྱེད་དགོས། སྔོན་དཔག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ལག་བསྟར་དང་སྔོན་དཔག་ཁྲིད་སྟོན་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་དགོས། དུས་མཚུངས་སུ་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ། སྤྱི་ཚོགས་ཀྱི་གནས་ཚུལ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འཐབ་ཇུས་ཀྱི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཀྲུང་དབྱང་གི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོ་ཡག་པོ་བཟོ་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལོ་མཇུག་དང་ལོ་འགོའི་དམངས་འཚོ་འགན་ལེན་དང་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་བསལ་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།