ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་ལས་དོན་དང་གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་བྱེད་འགོ་ཚུགས་པའི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2024-12-20 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས18ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་ལས་དོན་དང་གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་བྱེད་འགོ་ཚུགས་པའི་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྣམ་གྲངས་ལག་བསྟར་བྱེད་པའི་ཁྲོད་ཆབ་མདོའི་འགན་འཁྲི་མངོན་པ་དང་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་སྒྱུར་བཅོས་ཀྱི་སྔོན་དཔག་དམིགས་ཚད་ཁག་མཐའ་གཅིག་ཏུ་མངོན་འགྱུར་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒོད་སྐྱེས་ཀྱིས་གསུང་བཤད་གནང་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ཝུའུ་དབྱིང་ཧུའེ། ཅཱ་ཤིན་ཡུས། ཏེང་ཝུན་ཁྲང་། སྒྲོལ་དཀར། ཅའེ་ཝུན་ཀོང་། ཐོགས་མེད་ཤེས་རབ། ཝེ་ཝུན་ནན་བཅས་ཚོགས་འདུ་ཞུགས་ཡོད།

ཚོགས་འདུའི་ཐོག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྒྱུར་བཅོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཧྥུའུ་ཅན་སན་མིང་གྲོང་ཁྱེར་དུ་གཉེར་བའི་སན་མིན་གྱི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏོང་བའི་གསོ་སྦྱོང་འཛིན་གྲྭའི་གནས་ཚུལ་དང་དེ་བཞིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ སྒྲིག་གཞི་སྒྱུར་བཅོས་སིས་ཆབ་མདོར་ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་ཐད་བཏོན་པའི་མཛུབ་སྟོན་བླང་བྱ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་ཀའི་གྲོས་འགོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།《ཆབ་མདོ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་ཇུས་གཞི》བརྡ་ཁྱབ་བཏང་བ་རེད།

ཀྲོང་ཅིན་སུང་གིས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་ཐིང་ཅུས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་བཅས་ཀྱི་འོག་ཆབ་མདོར་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་པ་དེ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཆབ་མདོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་གལ་ཆེན་བྱེད་པའི་སྒྱུར་བཅོས་རྣམ་གྲངས་གལ་ཆེན་ཐོག་མ་དེ་ཡིན་པ་དང་།ཆབ་སྲིད་འདུ་འགོད་དང་། དམངས་སེམས་འདུ་འགོད། དམངས་འཚོའི་འདུ་འགོད་བཅས་གལ་ཆེན་ཞིག་ཡིན་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ། ཆབ་སྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་བཅས་ལྡན་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་མཐོ་ཚད་ཐོག་འགྲེང་སྟེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། དཔེ་སྟོན་རྣམ་གྲངས་ཀྱི་དམིགས་ཚད་དང་། ལས་འགན། ཚད་གཞི་བཅས་ཡང་ཡང་བསྡུར་བ། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་འདྲ་བཟོ་བྱས་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི“ཆབ་མདོའི་དཔེ་གཞི”ནུས་ཤུགས་ཡོད་རྒུས་བཏོད་དེ་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ཆབ་མདོའི་འགན་འཁྲི་ལེགས་པར་བསྒྲུབས་པ་དང་ཆབ་མདོའི་ལེགས་སྐྱེས་འབུལ་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་རྫོང་དང་ཆུས་ཁག་དང་། ཚན་པ་ཁག་གིས་འགན་འཁྲི་བགོས་ཚུལ་ལྟར་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུ་བློ་ཐག་རྦད་བཅད་ཀྱིས་དམ་འཛིན་ལེགས་པོ་བྱས་ཏེ་རང་འགན་རང་འཁུར་བྱེད་ལ་ཕན་ཚུན་གཞོགས་འདེགས་ཀྱང་བྱས་ཏེ་གོང་འོག་མཉམ་སྒུལ་དང་གཡས་གཡོན་མཉམ་རོགས་ཀྱི་ལས་སྒྲུབ་འགྲིལ་ཤུགས་ཆགས་པར་བྱ་དགོས། རིམ་ཁག་གི“འགོ་ཁྲིད་ཨང་དང་པོས”འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་བཀོད་འདོམས་པ་ཞིག་བྱེད་དགོས་ལ་འཐབ་འཛིང་པ་ཞིག་ཀྱང་བྱེད་དགོས་པ་དང་། ལས་འགན་གལ་ཆེན་ལ་རང་ཉིད་ངོ་མས་ཞིབ་འཇུག་དང་། དཀའ་ངལ་ཆེ་བའི་གནད་དོན་ལ་རང་ཉིད་ངོ་མས་མཐུན་སྦྱོར། སྒྱུར་བཅོས་ཀྱི་འཕེལ་རིམ་ལ་རང་ཉིད་ངོ་མས་རྗེས་སྙེགས་བཅས་བྱས་ཏེ་གོང་གིས་གཤམ་ལ་སྣེ་ཁྲིད་དེ་གྲོང་ཁྱེར་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་ཡོད།

རྒོད་སྐྱེས་ཀྱིས་གསུང་བཤད་གནང་སྐབས་ཆབ་མདོ་གྲོང་ཁྱེར་ལ་གཞུང་བཙུགས་སྨན་ཁང་གི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་སྔར་བས་གཅེས་འཛིན་བྱེད་པ། ཆབ་མདོའི་དོན་དངོས་ལ་གཞི་ཚུགས་པ། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་པ། སྒྱུར་བཅོས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔེ་སྟོན་རྣམ་གྲངས་ལ་སྔོན་དཔག་གི་དམིགས་ཚད་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས།