2024ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི400སྣེ་ལེན་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར32.8མངོན་འགྱུར་བྱུང་བ།

གསར་འགྱུར་སྤེལ་དུས།  【2025-02-04 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱི་ས་ཁམས་གནས་ཡུལ་ལེགས་པ་དང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་གཏིང་ཟབ་པ་བཅས་ཀྱི་དབང་གིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་ལ། དེར“བོད་ཤར་རྒྱུད་ཀྱི་མུ་ཏིག”ཅེས་པའི་མཚན་སྙན་ཐོབ་ཡོད། 2024ལོར། ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཁྱབ་ཁོངས་སུ་སྔར་བྱུང་མྱོང་མེད་པའི་ཚད་བརྒལ་གསར་པ་བྱུང་ཡོད། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་དྲིལ་སྒྲོག་འོས་སྦྱོར་སྤེལ་བ། མི་སྣ་གྲགས་ཅན་གདན་དྲངས་ནས་ཁྱབ་སྤེལ་བྱེད་པ་སོགས་ཇུས་འགོད་ཞིབ་ཚགས་བྱས་པའི་ཡུལ་སྐོར་རྣམ་གྲངས་གསར་པ་རབ་དང་རིམ་པ་ལ་བརྟེན་ནས། ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ལྟ་སྐོར་དང་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་ལེན་ཡུལ་སྐོར་གྱི་ཕྱོགས་སུ་འགྱུར་བ་མངོན་འགྱུར་བྱུང་ཡོད། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ནས་ཤེས་གསལ་བྱུང་བར་གཞིགས་ན། 2024ལོའི་ཟླ1པོ་ནས་ཟླ12པའི་བར། ཆབ་མདོ་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི400.04སྣེ་ལེན་བྱས་པ་དང་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར32.8མངོན་འགྱུར་བྱུང་ཡོད།

རྨང་གཞི་སྲ་བརྟན་དུ་བཏང་ནས་ཆབ་མདོའི་ཡུལ་སྐོར་སྒྲིག་བཀོད་ཀྱི་རྣམ་པ་གསར་རྐྱང་དུ་བཏང་བ།

2024ལོར། ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར11.06གྲབས་གསོག་བྱས་ཏེ་ཁ་རུབ་ཆུས་ཀརྨ་ཤང་དང་། ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ། དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་དང་སྤྱི་གླིང་ཤང་བཅས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་བཞི་འཛུགས་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་།དེ་ནི་ཆབ་མདོའི་ཡུལ་སྐོར་གྱི་ཁྱད་ཆོས་གསར་པ་ཞིག་རེད། གྲོང་རྡལ་ཆུང་ངུ་དེ་དག་ལ་ཕུན་སུམ་ཚོགས་པའི་ས་ཁོངས་རིག་གནས་ཀྱི་གཞི་རྒྱུ་འདྲེས་ཡོད་པ་མ་ཟད།ད་དུང་ས་གནས་དེ་གའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་གང་ལེགས་མངོན་ཡོད། བཅར་འདྲི་བྱེད་སྐབས་ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུའུ་ཡི་ཐོན་ལས་འཕེལ་རྒྱས་དང་ཐོན་ཁུངས་གསར་སྤེལ་ཁོའོ་ཡི་འགན་འཁུར་པ་ཏུའུ་ཀྲི་ཧིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི2024ལོའི་ཡུལ་སྐོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན།

ང་ཚོས་གྲོང་རྡལ་ཆུང་ངུའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་སྔོག་འདོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་བརྒྱུད། ཡུལ་སྐོར་བར་སྐྱིད་པོ་དང་སྟབས་བདེ་བའི་ཡུལ་སྐོར་ཁོར་ཡུག་ཅིག་ཧུར་ཐག་མཁོ་འདོན་བྱས་ཡོད།

ཡུལ་སྐོར་རྣམ་གྲངས་གསར་པ་བཏོན་པ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་ཕྱིན་པ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་བ་སྣེ་ལེན་བྱེད་ནུས་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོའི་ཟླ1པོ་ནས་ཟླ12པའི་བར་ཁྲང་ཏུའུ་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི400.04སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར32.8མངོན་འགྱུར་བྱུང་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་རག་ཐུབ་པ། 2024ལོའི་ཟླ1པོ་ནས་ཟླ12པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱིས་རོང་འབྲོག་པ29809ཡི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པ་དང་འབབ་འཕར་སྒོར་ཁྲི་14476.57མངོན་འགྱུར་ཡོད།

དྲིལ་བསྒྲགས་སྔོན་དུ་བཞག་ནས་ཆབ་མདོའི་ཡུལ་སྐོར་ཟོང་རྟགས་ཀྱི་ཤུགས་རྐྱེན་མཐོ་རུ་བཏང་བ།

རང་ལུས་ཀྱི་ཡུལ་སྐོར་ཐོན་ཁུངས་ཇེ་ལེགས་སུ་གཏོང་བ་ཕུད། ཆབ་མདོ་གྲོང་ཁྱེར་ད་དུང་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཡུལ་སྐོར་དངོས་མང་སྟོན་ཚོགས་ལ་ཞུགས་པ་དང་། ཡུལ་སྐོར་བ་ཡོང་ཁུངས་གཙོ་བོའི་ས་ཁུལ་དུ་བསྐྱོད་ནས་དྲིལ་བསྒྲགས་འོས་སྦྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སྔ་རྗེས་སུ་ཁྲུང་ཆིང་གྲོང་ཁྱེར་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་དངོས་མང་སྟོན་ཚོགས7ནང་ཞུགས་པ་དང་། ཞ་མོན་དང་ཐེན་ཅིན་སོགས་གྲོང་ཁྱེར10རུ་རིག་གནས་ཡུལ་སྐོར་འོས་སྦྱོར་བྱས་ནས་རང་ལུས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་དངོས་མང་སྟོན་ཚོགས་ཐོག་ཆབ་མདོ་གྲོང་ཁྱེར་གྱི་འགྲེམས་སྟེགས་སུ་རྟག་ཏུ་མི་མང་པོ་ཡོད་པས་ཡུལ་སྐོར་བ་དང་ལས་རིགས་ནང་ཁུལ་གྱི་མི་སྣའི་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད།

གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་སྨྱན་སྦྱོར་མཉམ་འདྲེས་བྱ་འགུལ་ཆེ་གྲས་དང་དྲ་རྒྱའི་སྟེགས་བུ་བརྒྱུད་ནས་དྲིལ་བསྒྲགས་དང་འོས་སྦྱོར་བྱ་རྒྱུར་མཐོང་ཆེན་བྱས་པ། ན་ནིང་ཟླ10པར།“རི་ཆུ་བརྒལ་ནས་སྐལ་བཟང་མེ་ཏོག་བཞད་པར་བལྟ། སྤྱི་སྤྱོད་རླངས་འཁོར་བསྡད་ནས་ཀྲུང་གོ·བོད་ལྗོངས་ལ་ལྟ་རྒྱུའི”སྨྱན་སྦྱོར་མཉམ་འདྲེས་བྱ་འགུལ་ཆེ་གྲས་བརྒྱུད། དྲ་ཐོག་ཏུ་ཆབ་མདོའི་སྤུས་ལེགས་ཡུལ་སྐོར་གྱི་ལམ་ཐིག་གསར་པ་ངོ་སྤྲོད་འོས་སྦྱོར་གང་ལེགས་བྱས་པ། “ངོ་མཚར་ཆེ་བའི་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བ”“གཙང་གསུམ་ཇ་རྟ་རིག་གནས་སྒྱུ་རྩལ་དུས་ཆེན”སོགས་ཀྱི་བྱ་འགུལ་གཉེར་བ་དང་ཆབ་མདོ་གྲོང་ཁྱེར་གྱིས“གསར་བརྗེའི་ཆབ་མདོ། བོད་ཤར་མུ་ཏིག”ཅེས་པའི་ཡུལ་སྐོར་ཟོང་རྟགས་བདེ་བླག་ངང་བཏོད་པ། བྱ་འགུལ་དེ་དག་ལས་ཡུལ་སྐོར་བ་རྣམས་ཀྱིས་ཆབ་མདོའི་ཡུལ་སྐོར་ཐོན་ཁུངས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་བྱུང་བ་མ་ཟད། ད་དུང་ཡུལ་སྐོར་བ་ཆབ་མདོ་རུ་ཡུལ་སྐོར་བྱེད་པར་ཡོང་བའི་སྤྲོ་སེམས་ཀྱང་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་གསར་འགྱུར་སྨྱན་སྦྱོར་དང་། དྲ་རྒྱའི་ལས་སྟེགས། བོད་ལྗོངས་མཁའ་འགྲུལ་ཀུང་སི་སོགས་དང་མཉམ་ལས་བྱས་པ་བརྒྱུད། ཕྱོགས་ཡོངས་ཀྱི་དྲིལ་བསྒྲགས་འོས་སྦྱོར་བྱ་འགུལ་སྤེལ་བ་རེད། བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲུང་ཆིང་དང་ཐེན་ཅིན་སོགས་ཀྱི་ཞབས་ཞུའི་ས་ཚིགས་དང་གཏིང་ལམ་འབབ་ཚིགས་སོགས་སུLEDའཆར་ཤེལ་དང་བརྡ་ཁྱབ་བྱང་ལེབ་ཆེ་གྲས་བཀལ་འགེལ་བྱས་ནས་ཆབ་མདོའི་སྤུས་ལེགས་མཛེས་ལྗོངས་ཁུལ་དང་ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་ཤུགས་ཆེན་བྱས། མཉམ་ལས་འདི་དག་གིས་ཆབ་མདོའི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་བ་མ་ཟད། ད་དུང་ཡུལ་སྐོར་བར་ཆབ་མདོར་རྒྱུས་ལོན་གྱི་ཐབས་ལམ་དང་བྱེད་ཐབས་སྔར་བས་མང་བོ་མཁོ་འདོན་བྱས་ཡོད།

རིག་ནུས་ཆབ་མདོ་ལོངས་སྤྱོད་བྱས་ནས་ཡུལ་སྐོར་ཉམས་ལེན་སླར་ཡང་རིམ་སྤོར་བྱས་པ།

ཡུལ་སྐོར་གྱི་ཉམས་ལེན་མཐོ་རུ་གཏོང་བའི་ཐད་ཆབ་མདོ་གྲོང་ཁྱེར་གྱིས་ཀྱང་ནུས་ཤུགས་གང་ཡོད་བཏོན་ཡོད། “སྤྱི་ལེ10རེའི་མཚམས་སུ་ལམ་སྟོན་མཚོན་རྟགས་གཅིག་དང་། སྤྱི་ལེ100རེའི་མཚམས་སུ་ཕྱོགས་བསྡུས་ཞབས་ཞུའི་ཁུལ་གཅིག”ཅེས་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། ཆབ་མདོ་གྲོང་ཁྱེར་གྱིསG317དང་། G318། G214། G349བཞི་ཡི“གསར་བརྗེའི་ཤུལ་བཞག”རིག་གནས་ཉམས་ལེན་གྱི་བར་ཁྱམས་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་མགོ་ཚུགས་པ། རིག་གནས་ཉམས་ལེན་བར་ཁྱམས་དེ་དག་གིས་ཡུལ་སྐོར་བ་རྣམས་ཀྱི་འགྲུལ་བཞུད་བྱེད་རིང་ཆབ་མདོ་ཡི་ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་ཚོར་ཐུབ་པ་མ་ཟད། ད་དུང་སྟབས་བདེ་བའི་ཡུལ་སྐོར་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།

གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་ཁྲོམ་རའི་དགོས་མཁོར་གཞིགས་ནས་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་སྣ་མང་ཅན་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་གཏོད་པ། གཙོ་གནད་མཛེས་ལྗོངས་ཁུལ་གྱི་དོ་དམ་གཉེར་སྐྱོང་ཆུ་ཚད་དང་སྣེ་ལེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ། དེང་སྐབས་ཆབ་མདོ་གྲོང་ཁྱེར་དུ3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ25དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་མང་པོ་སོགས་ཡུལ་སྐོར་ཟོང་རྟགས་ཡོད། ཟོང་རྟགས་དེ་དག་བཙུགས་པས་ཆབ་མདོ་ཡི་ཡུལ་སྐོར་སྤུས་ཚད་མཐོ་རུ་བཏང་བ་མ་ཟད། ད་དུང་ཡུལ་སྐོར་བར་སྔར་བས་སྣ་མང་ཅན་གྱི་ཡུལ་སྐོར་གདམ་ག་མཁོ་འདོན་བྱས་ཡོད།

རྗེས་མར། ཆབ་མདོ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་འཆར་འགོད་དང་། ཐོན་རྫས་མཁོ་འདོན། དྲིལ་བསྒྲགས་འོས་སྦྱོར་། ཁྲོམ་རའི་གཙོ་གཟུགས་གསོ་སྐྱོང་དང་གྲངས་འཛིན་རིག་གནས་ཡུལ་སྐོར་འཛུགས་སྐྲུན་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་གླིང་ཁུལ་དང་རིག་གནས་ཡུལ་སྐོར་ཉམས་ལེན་བར་ཁྱམས་བསྐྲུན་ནས། ཁྱད་ལྡན་འཁྲབ་སྟོན་གྱི་མིང་བྱང་བཏོན་ཏེ་ཆབ་མདོའི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཡུལ་སྐོར་བར་སྔར་བས་སྟབས་བདེ་དང་སྤུས་ལེགས་ཀྱི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱེད་དགོས། །