སྨར་ཁམས་ཀྱིས་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025-02-14 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་ཐོན་ལས་གླིང་ཁུལ་ནི2014ལོར་བཙུགས་ཤིང་།བསྡོམས་པས་མ་དངུལ་སྒོར་དུང་ཕྱུར20བཏང་ནས་བསྐྲུན་པ་དང་གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ཆིང212.06ཡོད་ལ། གཙོ་བོ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་། མཛོད་ཉར་ཟོག་འགྲུལ། ཚོང་དོན་ཉོ་འཚོང་། ཕྱོགས་བསྡུས་ཞབས་ཞུ་སོགས་བྱེད་ནུས་ཁུལ་དུ་དབྱེ་ཡོད། 2023ལོར་སྨར་ཁམས་རྫོང་རྒྱལ་ཁབ་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་གླིང་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། དེའི་ནང་སྒར་ཐོག་གྲོང་རྡལ་དང་། ཆུ་ཚན་ཁ་ཤང་། འཇང་མི་རིགས་ཤང་། རྨོག་ཤོད་ཤང་བཅས་ཞང་དང་གྲོང་རྡལ4ཚུད་པ་དང་། སྤྱིའི་རྒྱ་ཁྱོན་མུའུ་ཁྲི330.7ཟིན་ཡོད།

སྨར་ཁམས་རྫོང་གིས་གཙོ་གནད་ཐོན་ལས་ལ་དམིགས་ནས་ཚོང་འགུག་དངུལ་འདྲེན་དང་རྣམ་གྲངས་ཇུས་འགོད་ལ་ཤུགས་སྣོན་དང་། དམིགས་འབེན་ཁེ་ལས་ལ་དམིགས་ནས་གནད་ལ་འཁེལ་བའི་ཚོང་འགུག་སྤེལ་བ་དང་། རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་། ནུས་རྒྱུ་གཙང་མ་ཆ་སྒྲིག དེང་རབས་ཟོག་འགྲེམས་ཚོང་དོན་ཞབས་ཞུ། མི་རིགས་ལག་ཤེས་བཟོ་ལས་བཅས་གཙོར་འཛིན་པའི“2+2”ཐོན་ལས་མ་ལག་འཕེལ་རྒྱས་གཏོང་དགོས། སྨར་ཁམས་རྫོང་ཐོན་ལས་གླིང་ཁུལ་དུ་ད་ཡོད་ཁེ་ལས77བཅའ་སྡོད་བྱས་ཡོད་ཅིང་། 2024ལོར་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི6992མངོན་འགྱུར་བྱུང་བ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་སྒོར་ཁྲི1862.71ལེགས་འགྲུབ་བྱུང་བ། 2024ལོའི་ཟླ6པར་ཚད་ལྡན་ཅན་གྱི་བཟོ་གྲྭ(གསོ་སྐྱོང་རྟེན་གཞི)འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་བྱུང་བ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.2བཏང་བ། 2024ལོའི་ཟླ11པར་ཀྲུང་གོའི་ཆུ་བེད་ཅུའུ་བཞི་པའི(ཆབ་མདོ)ནུས་རྒྱུ་ལས་གཞི་ཚད་ཡོད་ཀུང་སིའི་དབར《ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞིའི་མཉམ་ལས་གྲོས་མཐུན》བཞག་པ་དང་། རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.14བཏང་།

སྨར་ཁམས་རྫོང་གིས་ཐོན་ལས་གླིང་གི་རྨང་གཞིའི་ཐོག་ཕྲེང་འབྲེལ་སྟོབས་ཆེར་གཏོང་བའི་ལས་གཞི་ལག་བསྟར་བྱས་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་བ། ཐོན་ལས་མ་ལག་དང་འདེགས་སྐྱོར་མ་ལག་དུས་མཉམ་འཛུགས་སྐྲུན་བྱ་རྒྱུར་མཐོང་ཆེན་བྱས་ནས་འབྲེལ་ཡོད་ཐོན་ལས་ཁྱུ་ཚོགས་གསོ་སྐྱོང་དང་སྟོབས་ཆེར་བཏང་བ་རེད། 2024ལོར་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་ནུས་པ་ཆེ་རུ་གཏོང་བ་དང་། ནད་འབུའི་གནོད་སྐྱོན་སྔོན་འགོག་ཚོད་འཛིན་བྱེད་པ། ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། མུའུ1000ཅན་གྱི་གྲངས་འཛིན་ཞིང་ལས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན མུའུ500ཅན་གྱི་ཚད་ལྡན་ཅན་གྱི་རྒུན་འབྲུམ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་སོགས་རྣམ་གྲངས5བདེ་བླག་ངང་ལེགས་འགྲུབ་བྱུང་བར་བསྡོམས་པས་མ་དངུལ་སྒོར་ཁྲི2803.74བཏང་བ་རེད། སྨར་ཁམས་རྫོང་རྒྱལ་ཁབ་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་གིས་རྒུན་འབྲུམ་དང་བོད་ཕག་ཐོན་ལས་གཙོ་ཁྲིད་ཐོན་ལས་སུ་གཏན་འཁེལ་བྱས་པ་མ་ཟད། ད་དུང་ཀྲུང་གོའི་ཞིང་ལས་སློབ་ཆེན་དང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་དགེ་རྒན་ཆེན་མོ་བའི་ལས་དོན་ས་ཚིགས་བཙུགས་པ་དང་། ཞིབ་འཇུག་ཁ་ཕྱོགས་དེ་རྒུན་འབྲུམ་ཆང་བསྙལ་བ་དང་དེའི་འབྲེལ་ཡོད་ལག་རྩལ། མཐོ་སྒང་གི་རྒུན་འབྲུམ་འདེབས་གསོ་དང་དེའི་འབྲེལ་ཡོད་ལག་རྩལ། རྒུན་འབྲུམ་ཆང་བསྙལ་བའི་བརྒྱུད་རིམ་ཁྲོད་ཀྱི་བེད་མེད་དངོས་རྫས་གསར་སྤེལ། མཐོ་སྒང་གི་ཕབ་རྩི་འཚོལ་བསྡུ་དང་བཀོལ་སྤྱོད་གསར་གཏོད་སོགས་ཁྱབ་ཁོངས་གལ་ཆེན་མང་པོ་ཞིག་ལ་ཁྱབ་ཡོད། 2024ལོར་རྒུན་འབྲུམ་ཆང་གི་ལོའི་ཐོན་ཚད་ཏུན2560དང་རྒུན་འབྲུམ་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི14220ལས་བརྒལ་བ་དང་། ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི4200ལྷག་ཟིན་པ། ལོ་མཇུག་ཏུ་ལག་ཡོད་བོད་ཕག་གི་གྲངས་ཀ60880ཟིན་པ་དང་ལོ་རེར་བོད་ཕག་བཤས་གཏོང་བྱེད་ཚད40611ཟིན་ཡོད།