རི་བོ་ཆེ་རྫོང་ལྟག་སྒོ་གྲོང་ཚོས།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-02-25 09:00:00】

རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་ཐབས་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་བོད་རང་སྐྱོང་ལྗོངས་ཀྱིས་དམངས་ཕན་སྲིད་ཇུས་ཧུར་ཐག་གིས་དོན་འཁྱོལ་བྱེད་སྐབས་སུ། རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་ལྟག་སྒོ་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་འབོད་སྐུལ་དང་དུ་བླངས་ཏེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

རབ་དང་རིམ་པའི་བྱེད་སྒོ་དེ་རྒྱལ་དར་སྒྲེང་བའི་མཛད་སྒོ་ཐོག་ནས་འགོ་ཚུགས་པ་དང་། ཞོགས་པ་སྔ་མོ་ལྟག་སྒོ་གྲོང་ཚོ་ཐང་ཆེན་དུ་གྲོང་མི་ཚོ་གྲལ་བསྟར་སྒྲིག་ཏེ་རྒྱལ་གླུ་ལེན་པ་དང་སྐར་ལྔའི་དར་དམར་ག་ལེར་མཁའ་དབྱིངས་སུ་བསྐྱོད་པ་རེད། མཛད་སྒོ་འདི་ནི་གྲོང་མི་ཚོས་རླབས་ཆེན་མེས་རྒྱལ་ལ་བླ་ན་མེད་པའི་གུས་འདུད་བཅངས་པ་མཚོན་པ་དང་། གྲོང་མིའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་ཏུ་གྲོང་མིས་རང་ངོས་ཀྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་རེ་སྙེག་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།

རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་འགྲན་སྡུར་བྱ་ཡུལ་དུ་འགྲན་ཞུགས་པ་ཚོས་ཏང་གི་སྲིད་ཇུས་བྱེད་ཕྱོགས་གསར་པར་བློ་སེམས་ཞིབ་མོས་ཞིབ་འཇུག་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཁྲོད་ཀྱི་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ནང་དོན་གཙོ་བོ་དང་། ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཁ་གསབ་ལམ་ལུགས། གྲོང་གསེབ་ཡུལ་སྐོར་འཕར་སྣོན་བྱ་ཐབས་སོགས་ཀྱི་ནང་དོན་ལ་དམིགས་པ་མ་ཟད་ལྟག་སྒོ་གྲོང་ཚོའི་དོན་དངོས་གནས་ཚུལ་དང་འབྲེལ་ནས་གོ་སླ་བའི་སྐད་ཆ་དང་གསོན་ཉམས་ལྡན་པའི་གྱོད་དཔེའི་ཐོག་ནས་སྒྲོག་འགྲེལ་བྱས་ཡོད།

སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཀྱི་འགྲན་སྡུར་བྱ་ཡུལ་དུ་ཏང་གི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པའི་སྲིད་ཇུས་འོག་ལྟག་སྒོ་གྲོང་ཚོས་རང་ཡུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་ཐོན་ཁུངས་སྔོག་འདོན་བྱས་ཡོད། ལག་ཤེས་པ་རྒན་གྲས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་གསེར་དངུལ་རྒྱན་ཆ་དང་ཞིང་འབྲོག་པའི་ལག་ཤེས་བཟོ་ལས་འགྲེམས་སྟོན་བྱས་པ་དང་། བཟོ་རྩལ་ནང་མི་རིགས་ཀྱི་རིག་གནས་ཟབ་མོ་འདུས་ཡོད་ལ། གློག་ཚོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོག་ནས་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་པ་དང་། རིག་གནས་རྒྱུད་འཛིན་བྱེད་པའི་ཞོར་དུ་ཁྱིམ་ཚང་གི་ཡོང་འབབ་འཕར་ཏེ་མི་རིགས་རིག་གནས་རྒྱུད་འཛིན་བྱུང་བ་དང་སྲོལ་རྒྱུན་བཟོ་རྩལ་གྱི་མཛེས་པ་ཚོར་ཐུབ་པ་བྱུང་ཡོད།

གླུ་གར་འགྲན་སྡུར་གྱིས་བྱེད་སྒོ་འདི་ཉིད་མཐོ་རླབས་གསར་པ་ཞིག་ཏུ་སླེབས་པར་བྱས་ནས་ཐང་ཆེན་དེ་གླུ་གར་གྱི་རྒྱ་མཚོ་རུ་གྱུར་ཡོད། དགའ་སྤྲོའི་སྐོར་བྲོ་ཡིས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་མངོན་པ་དང་། ལྷ་མོའི་རྣམ་ཐར་གྱི་དབྱངས་རྟ་ལས་གནའ་བོའི་ངག་རྒྱུན་དང་དུས་རབས་ཀྱི་ལེའུ་གསར་པ་གྱེར་ཡོད།