གསར་འགྱུར་སྤེལ་དུས། 【2025-02-26 09:00:00】
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་དང་། ཚེ་རིང་ཕུན་ཚོགས། ངག་དབང་བཅས་ཀྱིས་མཉམ་དུ་འཚམས་འདྲི་གནང་བར་ཕེབས་པ་རེད།
“ཁྱེད་ཚོར་དུས་ཆེན་གྱི་འཚམས་འདྲི་ཞུ་གི་ཡིན། ཚང་མ་དཀའ་ལས་ཁག་སོང”ལིའུ་ཅང་གིས་འཐབ་ས་དང་པོའི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་། འགྲིམ་འགྲུལ་ཉེན་རྟོག་པ། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ། མྱུར་སྐྱེལ་བ། ཉོ་སྐྱེལ་བ་སོགས་རེ་རེ་བཞིན་དང་ཕྱག་བཏང་གནང་སྟེ་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་མཚོན་པར་བྱས་ཡོད།
ལིའུ་ཅང་གིས་ལས་རིགས་ཁག་གི་ངལ་རྩོལ་པས་ལས་གནས་བརྟན་སྲུང་དང་། དུས་བདེ་སྲུང་སྐྱོང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་ལ་ཚད་མཐོའི་བསྔགས་བརྗོད་གནང་ཞིང་། ཁོང་གིས་2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་འགྲིལ་ལོ་ཡིན་ལ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཡང་ཡིན་པས། ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། མཐུན་སྒྲིལ་འབད་འཐབ། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས་དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་རང་སོ་སོའི་ལས་གནས་ཐོག་ཡང་འབད་བསྐྱར་འབད་དང་སླར་ཡང་འབྲས་བཟང་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ལིའུ་ཅང་གིས་འབྲེལ་ཡོད་སྡེ་ཚན་ལ་འཐབ་ས་དང་པོའི་ལས་བཟོར་དོ་ཁུར་དང་གཅེས་སྐྱོང་བྱེད་པ་དང་། བདེ་འཇགས་འགོག་སྲུང་དང་ཞབས་ཞུའི་འགན་ལེན་ཡག་པོ་བྱེད་པ། མི་སེམས་ལ་དྲོ་སྐྱིད་སྦྱིན་ཐབས་ཁག་དོན་འཁྱོལ་བྱེད་པ། དོན་དངོས་ཀྱི་དཀའ་ངལ་མཐུན་སྦྱོར་ཐག་གཅོད་བཅས་བྱས་ནས་ཚང་མ་ལུས་བདེ་སེམས་སྐྱིད་ངང་ལས་ཀ་བྱེད་དུ་འཇུག་དགོས་པའི་བཀའ་མངག་གནང་བ་རེད།