སྲོལ་རྒྱུན་དང་དེང་རབས་གདོང་ཐུག་རྒྱག་པའི་དམར་མདངས་མེ་ཏོགསྨར་ཁམས་རྫོང་གིས་རྩལ་ནུས་འགྲན་སྡུར་གོ་རིམ་ལྡན་པའི་ངང་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-03-04 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྨར་ཁམས་རྫོང་གི་གྲོང་ཚོ(སྡེ་ཁུལ)ཁག་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྩལ་ནུས་དང་དེང་རབས་ཀྱི་ཐོན་སྐྱེད་རྩལ་ནུས་འགྲན་སྡུར་ཧུར་ཐག་ངང་སྤེལ་བ་དང་། སྲོལ་རྒྱུན་དང་དེང་རབས་གདོང་ཐུག་རྒྱག་པའི་དམར་མདངས་མེ་ཏོག་ཅིག་ས་འདིའི་ཐོག་ཏུ་ལམ་མེར་བཞད་ཡོད།

ཐེངས་འདིའི་འགྲན་སྡུར་ནང་པར་བརྐོ་དང་། ཤིང་བརྐོ། ཐང་ག་འབྲི་བ། མར་བཟོ་བ། རྩམ་པ་འཐག་པ། འཐག་འཁེལ་བ། ཚ་ལའི་ལས་བཟོ། ཁང་བསྐྲུན་གྱང་བརྩེགས་སོགས་རིགས11ཡོད། བྱེད་སྒོ་དེས་སྲོལ་རྒྱུན་གྱི་ཐོན་སྐྱེད་རྩལ་ནུས་ཁྲོད་ཀྱི་བློ་གྲོས་ཀྱིས་དེང་རབས་སྤྱི་ཚོགས་ཁྲོད་སྐྱེ་སྟོབས་གསར་པ་རྒྱས་སུ་འཇུག་པ་དང་། གནའ་བོའི་ལག་རྩལ་གྱིས་དུས་རབས་གསར་པར་འགྲེམས་སྟོན་བྱེད་པའི་གར་སྟེགས་ཤིག་ཡོད་པར་གྱུར་ཡོད།

སྤེལ་རེས་མཉམ་འདྲེས་ཀྱི་གར་སྟེགས་ཤིག་བསྐྲུན་ཆེད། གྲོང་ཚོ(སྡེ་ཁུལ)ཁག་གིས་སྨར་ཁམས་ཀྱི་སྲོལ་རྒྱུན་གྱི་ཐོན་སྐྱེད་རྩལ་ནུས་སྔོག་འདོན་གཏིང་ཟབ་བྱས་ཏེ་མང་ཚོགས་འགྲན་སྡུར་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་ཡོད། འགྲན་སྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། འགྲན་སྡུར་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ། འགྲན་སྡུར་ལ་བརྟེན་ནས་བློ་སྲོག་བསྐྲུན་པའི་རྣམ་པ་བཟང་པོ་ཞིག་རྒྱལ་ཁའི་ངང་བསྐྲུན་ཏེ། ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་འགྲེམས་སྟོན་དང་སྤེལ་རེས་བྱེད་པའི་གོ་སྐབས་ཅིག་མཁོ་འདོན་བྱས་པ་དང་། ཁོ་ཚོའི་ལས་ཞུགས་ཐབས་ལམ་རྒྱ་ཆེ་རུ་བཏང་ཡོད། དེ་བས་ཀྱང་གལ་ཆེ་བ་ནི་ཞིང་འབྲོག་པ་མང་ཚོགས་ཀྱིས་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་མོས་སེམས་དང་རྒྱུད་འཛིན་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།