མཛོ་སྒང་རྫོང་གིས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ནུས་རྩལ་འགྲན་སྡུར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-03-07 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མཛོ་སྒང་རྫོང་གིས་ས་གནས་དེ་གའི་ཞིང་འབྲོག་པས་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་ནུས་རྩལ་འགྲན་སྡུར་རྩ་འཛུགས་བྱས་ནས་སྤེལ་བ་དང་འགྲན་སྡུར་ནང་རྩམ་པ་འཐག་པ་དང་མར་ལེན་པ། ཤིང་བརྐོས་སྒྱུ་རྩལ། དེ་མིན་བོད་སྤོས་བཟོ་བ་སོགས་སྲོལ་རྒྱུན་གྱི་ལག་རྩལ་སྣ་ཚོགས་ཡོད་པ་རེད།

མཛོ་སྒང་རྫོང་ནི་བོད་རང་སྐྱོང་ལྗོངས་ཤར་ལྷོའི་རྒྱུད་དུ་ཆགས་ཡོད་ལ། རྫོང་འདིའི་ཐོན་ལས་གཙོ་བོ་ནི་ཞིང་འབྲོག་ལས་རིགས་ཡིན་པ་རེད། མཛོ་སྒང་རྫོང་ལ་སྤྱིའི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི5.03ཙམ་ཡོད་པ་དང་། མི་རེའི་ཆ་སྙོམས་ཀྱི་ས་ཞིང་རྒྱ་ཁྱོན་ནི་མུའུ་༡.༡༦ཟིན་གྱི་ཡོད། འབྲུ་རིགས་གཙོ་བོ་ནི་ནས་དང་། བོད་གྲོ། མ་རྨོས་ལོ་ཏོག་སོགས་འདེབས་ཀྱི་ཡོད་པ་རེད། རྫོང་འདིའི་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་710ཙམ་ཡོད་པ་དང་། སྒོ་ཕྱུགས་གཙོ་བོ་ནི་འབྲུ་གཡག་དང་གླང་། ར་ལུག་སོགས་ཡིན་པ་རེད།

མཛོ་སྒང་རྫོང་གཞུང་ཕྱོགས་ཀྱིས་ངོ་སྤྲོད་བྱེད་པར་གཞིགས་ན། ཐེངས་འདིའི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་ནུས་རྩལ་འགྲན་སྡུར་བྱེད་སྒོ་ལེགས་པོར་ཡོང་བའི་ཆེད་བྱེད་སྒོ་གྲ་སྒྲིག་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གཞི་རིམ་དུ་སོང་ནས་མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་དང་རྟོག་ཞིབ་ཟབ་མོ་བྱས་ཡོད་ལ། འགྲན་བསྡུའི་བྱེད་སྒོའི་ནང་འབྲུ་གཡག་གི་རྩིད་པ་དང་། ལུག་བལ་སོགས་ཀྱི་བསླས་འཐག་དང་། རྩམ་པ་འཐག་པ། རྒྱན་གོས་བཟོ་བ། འོ་མ་དཀྲུག་ནས་མར་ལེན་པ། དེ་མིན་ཤིང་བརྐོས་ལག་རྩལ། བོད་སྤོས་བཟོ་བ་སོགས་སྲོལ་རྒྱུན་གྱི་འཚོ་བའི་ལག་རྩལ་འགྲན་སྡུར་བྱས་ཡོད།

ཐེངས་འདིའི་བྱེད་སྒོའི་ནང་ནུས་རྩལ་འགྲན་སྡུར་བྱས་པ་བརྒྱུད་སྲོལ་རྒྱུན་ལག་རྩལ་ལ་ཕུལ་དུ་བྱུང་བའི་མི་སྣ་བརྒྱ་ལྷག་ཙམ་ལེགས་འདེམས་ཐུབ་ཡོད་པ་མ་ཟད། བྱེད་ཐབས་འདི་ལ་བརྟེན་ནས་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྙན་ཞུ་དང་རྒྱུད་འཛིན་ལས་ཀ་ལ་རྨང་གཞི་བརྟན་པོ་བཏིང་ཡོད།