གསར་འགྱུར་སྤེལ་དུས། 【2025-03-08 09:00:00】
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།
ཟླ་3ཚེས་5ཉིན་གྱི་ཕྱི་དྲོར། བོད་ཀྱི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་ཞིང་། འདི་ནི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་གསུངས་དོན། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མོས་མཐུན་དང་བརྩི་བཀུར་ཞུ་གི་ཡིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དངོས་ཐོག་བདེན་འཚོལ་དང་། གནད་དོན་ལ་དབྱེ་ཞིབ་གནང་བ་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ། ལས་དོན་བཀོད་སྒྲིག་གནང་བ་དངོས་སྒྲུབ་དོ་ནན་བཅས་ཡིན་པས། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། དངོས་ཐོག་བདེན་འཚོལ། སེམས་ཤུགས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། སྙན་སྒྲོན་ཉན་རྗེས་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་ཆེན་པོ་སྐྱེས་བྱུང་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གདེང་ཚོད་ཀྱང་སྔར་བས་བརྟན་དུ་ཕྱིན་སོང་།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བ་དང་རང་རྒྱལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། དེང་གི་འཛམ་གླིང་འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཁྱད་དུ་འཕགས་པའི་ཆབ་སྲིད་བློ་གྲོས་དང་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་ངེས་ཤུགས་ལ་བརྟེན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་སྟེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་གསར་པ་ཐོབ་པར་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས། སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ། “ཀྲུང་གོའི་སྐྱོང་ལུགས”ཀྱི་ལེགས་ཆ་མངོན་གསལ་དོད་པོ་བཅས་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད། གྲུབ་འབྲས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བར་ཐུག་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་ནས། གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་གསལ་བཟོ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་བ་བཅས་རེད། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དམངས་འཚོའི་བྱ་གཞག་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་སྔར་བས་སྲ་བརྟན་བྱུང་བ་བཅས་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྷག་པར་དུ་དིང་རིར་ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་མི་དམངས་ལ་ཐུགས་ཁྲལ་ཆེན་པོ་གནང་ནས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མགྱོགས་མྱུར་བཀོད་སྒྲིག་དང་འཕྲལ་དུ་བྱ་སྤྱོད་སྤེལ་ནས། ཏང་སྲིད་དམག་ཉེན་དམངས་སེམས་མཐུན་ཤུགས་སྒྲིལ་དང་། གཞི་རིམ་རྩ་འཛུགས་ཀྱིས་ནུས་པ་གང་ལེགས་འདོན་པ། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་བཅས་བྱས་ཏེ། ཡོམ་འགོག་གེགས་སེལ་ལས་དོན་ནུས་ཆེ་དང་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྤེལ་བས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་དང་། བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་རྒྱུ་བྱུང་ཁར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་རང་འགུལ་ངང་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་བྱས་ཏེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“ཕྱོགས་བཅུའི་ཐད”ཀྱི་ལས་འགན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བྱེད་ཐབས་བཏོན་ནས། ཚོགས་ཆེན་གྱི་དགོངས་དོན་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་སུ་དངོས་སུ་འགྱུར་དགོས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས། (བསོད་ནམས་བདེ་སྐྱིད་ཆེ་བ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)