གསར་འགྱུར་སྤེལ་དུས། 【2025-03-11 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་སྨར་ཁམས་རྫོང་གིས་ས་མཐོའི་མཐོ་སྒང་གི་ཁྱད་ལྡན་ལ་གཞི་ཚུགསཔ་དང་།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་བླང་བྱ་དང་དུ་བླངས་ཏེ།“དམར་མདངས”ཁྲིད་སྟོན་དུ་བཟུང་བ་དང་“བྱེད་སྒོ”གཞི་རྟེན་དུ་བྱས་ནས་མང་ཚོགས་རང་བཞིན་གྱི་གྲོང་ཚོ་རིམ་པའི་འགྲན་སྡུར་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ད་ཆ་སྨར་ཁམས་འདི་ཉིད་ཚོ་ཆུང་དང་ཚོ་ཆུང་ལ་ལེགས་ཆ་ཡོད་པ་དང་། གྲོང་ཚོ་དང་གྲོང་ཚོ་ལ་ཁྱད་ལྡན་ཡོད་པའི་རྣམ་པ་བཟང་པོ་ཞིག་གྲུབ་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་པ་མང་ཚོགས་ཚོ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་གསར་བརྗེའི་གཞི་རྒྱུ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་བར་སྐུལ་སློང་བྱུང་ཡོད།
གཏམ་རྒྱུད་གྱེར་ཀློག གསར་བརྗེའི་སྙིང་སྟོབས་གཏམ་རྒྱུད་ཁྲོད་ནས་རྒྱུད་འཛིན་བྱེད།
གཏམ་རྒྱུད་གྱེར་ཀློག་འགྲན་སྡུར་གྱི་ཡུལ་དངོས་སུ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་སྣེ་ཁྲིད་དེ་“བརྒྱུད་གཏོང་པ”ཞིག་ཧུར་ཐག་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་ལམ་ནས་མང་ཚོགས་ཀྱི་སེམས་ནང་བསྐྱལ་ཡོད། ཟུར་རྡོ་ཤོད་ཤང་རྔ་སྨད་ཤོད་གྲོང་ཚོས་རྔ་སྨད་ཤོད་ཀྱི་དཔའ་བོ་བཅོ་ལྔ་ཡིས་དམངས་གཙོ་བཅོས་སྒྱུར་གཏོང་ཆེད་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་བཏང་བའི་བྱས་རྗེས་གླེང་བས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོར་སེམས་འགུལ་ཐེབས་ཡོད། སྤང་མདའ་ཤང་སྤང་མདའ་གྲོང་ཚོས་སྤང་མདའ་ཚང་གི་གཏམ་རྒྱུད་བརྗོད་གཞི་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དུས་རབས་ཀྱི་རིན་ཐང་གླེང་ཡོད། རོང་སྨད་གྲོང་རྡལ་གྲུ་ཁ་གྲོང་ཚོས་གྲུ་ཁ་ཟམ་པའི་གསར་བརྗེའི་ཤུལ་གཞག་ལ་བརྟེན་ནས་མི་རིགས་ཁག་གི་ཏང་སྲིད་དམག་དམངས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་ཡོད།
གླུ་གར་གྱི་གསོལ་སྟོན། མི་རིགས་ཀྱི་རིག་གནས་དང་དེང་རབས་ཀྱི་གཞི་རྒྱུ་ཕན་ཚུན་འདྲེས་པ།
མི་རིགས་ཁག་གི་སྤུན་ཟླ་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ་སྟངས་སྟབས་དང་ཉམས་འགྱུར་གྱི་ཐོག་ནས་འཚོ་བར་དགའ་ཞེན་དང་ཕ་ཡུལ་གྱི་སྨོན་འདུན་མཚོན་ཡོད། གླུ་གར་འགྲན་སྡུར་དེ་ནི་སྨར་ཁམས་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་རང་ངོས་ཀྱི་འཇོན་ཐང་ངོམ་པའི་གར་སྟེགས་ཤིག་ཡིན་པ་མ་ཟད། ཕྱིའི་ཡུལ་སྐོར་བས་ས་གནས་ཀྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།
པར་བརྙན་གྱི་ཟིན་བྲིས། བརྙན་མིག་ལམ་ནས་སྨར་ཁམས་ཀྱི་མཛེས་སྡུག་མངོན་པ།
སྤང་མདའ་ཤང་གིས་པར་ལེན་དང་བརྙན་ཐུང་འགྲན་སྡུར་སྤེལ་བའི་ནང་འགྲན་ཞུགས་མང་ཚོགས་ཀྱིས་བརྙན་མིག་ལམ་ནས་རང་ཉིད་ཆེས་དགའ་བའི་སྨར་ཁམས་ཀྱི་ཡུལ་ལྗོངས་དང་། དམངས་སྲོལ་རིག་གནས། འཕེལ་རྒྱས་འགྱུར་ལྡོག་སོགས་པར་དུ་བཏབ་ཡོད། པར་ལེན་དང་བརྙན་ཐུང་གི་བརྩམས་ཆོས་ཀྱི་འགྲན་ཞུགས་མང་ཚོགས་ཀྱི་སྒྱུ་རྩལ་གསར་གཏོད་མངོན་པ་མ་ཟད། སྨར་ཁམས་རྫོང་གི་འཕེལ་རྒྱས་འགྱུར་ལྡོག་གི་མངོན་སུམ་འདྲ་པར་ཞིག་དེ་བས་ཡིན་ལ། དེས་མི་དེ་བས་མང་པོ་ཞིག་གིས་སྨར་ཁམས་རྒྱུས་ལོན་དང་སྨར་ཁམས་ལ་དགའ་ཞེན་ཡོང་བར་བྱས་ཡོད།
སྲོལ་རྒྱུན་རྩལ་ནུས། རིག་གནས་མོས་སེམས་དང་གཏོགས་སེམས་ཆེ་རུ་བཏང་བ།
ཚོ་ལྔ་ཤང་གྲོང་རི་གྲོང་ཚོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་ཁྲོད་མང་ཚོགས་ཀྱིས་མར་ལོ་དག་མ་དང་། ཇ་བསྲུབས་མ་བཟོ་བ། རྩམ་པ་འཐག་པ་སོགས་འགྲན་སྡུར་སྤེལ་ཡོད། སྲོལ་རྒྱུན་གྱི་རྩལ་ནུས་འདི་དག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འགྲན་སྡུར་བྱས་པ་བརྒྱུད་མང་ཚོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་མོས་སེམས་དང་གཏོགས་སེམས། སྤོབས་སེམས་བཅས་ཆེ་རུ་ཕྱིན་ཡོད།
མིག་སྔའི་བར་སྨར་ཁམས་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོར་ཞུགས་པའི་མི་གྲངས་ཁྲི3.26ཟིན་པ་དང་། འགྲན་སྡུར་ཁག་གི་ཐོག་མའི་འགྲན་སྡུར་ཐེངས360སྤེལ་ཡོད།