གསར་འགྱུར་སྤེལ་དུས། 【2025-03-11 13:00:00】
ཇ་རྟ་ཐང་ཆེན་གྱི་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོའི་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས10ཉིན་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་ཁ་རུབ་ཆུས་སྲིད་ཁྲིམས་ཨུ་ལྷན་དང་མཉམ་འབྲེལ་གྱིས་གྲོང་ཁྱེར་ཡོངས་དང་དེ་བཞིན་ཁ་རུབ་ཆུས་ཀྱི་ཚན་པ86གི་ལས་དོན་མི་སྣ་210སྒྲིག་འཛུགས་བྱས་ནས་བཅིངས་འགྲོལ་ཐང་ཆེན་དང་། ཇ་རྟ་ཐང་ཆེན། ཅིན་ཆབ་ལུས་རྩལ་ར་བ་བཅས་སུ་ཟླ་གསུམ་པའི་བདེ་འཇགས་འཛུགས་སྐྱོང་དྲིལ་བསྒྲགས་ཟླ་བའི་གཅིག་སྡུད་དྲིལ་བསྒྲགས་ཞབས་ཞུའི་བྱེད་སྒོ་སྤེལ་ཡོད་པ་རེད།
བྱེད་སྒོ་ཡུལ་དངོས་སུ་ཚན་པ་ཁག་གི་ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། འགྲེལ་བཤད་རྒྱག་པ། རིན་མེད་སྨན་བཅོས་སོགས་ཀྱི་ལམ་ནས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ《རྩ་ཁྲིམས》དང་། 《དམངས་དོན་ཁྲིམས་གཞུང》《རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》《སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས》《རྩ་འཛུགས་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཤེས་བྱ་དྲིལ་བསྒྲགས་བྱས་པས། ཁོངས་གཏོགས་མང་ཚོགས་ཀྱི་ཉེན་ཁ་སྔོན་འགོག་གི་འདུ་ཤེས་དང་དེ་བཞིན་བདེ་འཇགས་འཛུགས་སྐྱོང་ལས་དོན་གྱི་ཤེས་ཚད་དང་ཞུགས་ཚད་སྔར་བས་ཆེ་རུ་ཕྱིན་ཏེ། བདེ་འཇགས་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཟབ་མོ་ཞིག་བསྐྲུན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོའི་ཐོག་དྲིལ་བསྒྲགས་དཔྱད་ཡིག23000 དང་དྲིལ་བསྒྲགས་དངོས་པོ24000སྤྲད་པ་དང་། མི190ལ་སྨན་བཅོས་བྱས་པ། མང་ཚོགས་30000ཡས་མས་ལ་སློབ་གསོ་ཐེབས་ཡོད།