གསར་འགྱུར་སྤེལ་དུས། 【2025-03-14 09:00:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་རབ་དང་རིམ་པ་གོ་འཇོ་རྫོང་དུ་ཚ་ཚ་འུར་འུར་ངང་སྤེལ་ཡོད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་ཡོང་བར་རམ་འདེགས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་འབད་འཐབ་སྤྲོ་སེམས་སྐུལ་སློང་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་གོ་འཇོ་གསར་པ་འཛུགས་སྐྲུན་བྱ་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་རྒྱུ་དེ་རེད། བྱེད་སྒོ་སྤེལ་བའི་ཚུན་དུ་འགྲན་སྡུར་རྣམ་གྲངས་ཁག་གོ་རིམ་ལྡན་པའི་ངང་སྤེལ་བས་ཕན་འབྲས་མངོན་གསལ་ཐོབ་ཡོད།
བསམ་བློའི་དཔལ་འབར་བརྒྱུད་སྤྲོད་བྱེད། ཡིད་ཆེས་རྩ་བ་བརྟན་དུ་གཏོང་།
རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་བསྒྲགས་ཀྱི་འགྲན་སྡུར་དེ་གོ་འཇོ་རྫོང་གི་ས་གནས་ཁག་ཏུ་ཚ་ཚ་འུར་འུར་སྤེལ་ཏེ་ཏང་གི་གསུང་སྐད་སྒྲོག་པའི་གཡུལ་ས་གཙོ་བོ་ཞིག་ཏུ་གྱུར་ཡོད། འགྲན་ཞུགས་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བཞིན་ལམ་ཕྱོགས་སྲིད་ཇུས་སོགས་ཀྱི་བརྗོད་དོན་གཙོ་བོའི་མཐའ་འཁོར་དུ་དམ་པོར་དམིགས་པ་དང་། རང་ངོས་ཀྱི་ཉམས་མྱོང་དང་འབྲེལ་ཏེ་སྲིད་ཇུས་གླེང་བ་དང་། འགྱུར་ལྡོག་བཤད་པ། སྲོལ་གསར་སྐྱོང་བ་བཅས་བྱས་ཡོད།
རིག་གནས་རྩ་བ་བརྟན་དུ་གཏོང་། དུས་ཀྱི་དབྱངས་རྟ་ལྷང་ལྷང་གྱེར།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིག་གཟུགས་དང་གཏམ་བཤད་འགྲན་སྡུར་སྤེལ་བ་དེས་སྐད་ཡིག་རྒྱུད་འཛིན་དང་གསར་གཏོད་བྱེད་པའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་ཡོད། མིག་སྔའི་བར་གོ་འཇོ་རྫོང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་སྡུར་ཐེངས72དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཡིག་གཟུགས་ཐེངས83སྤེལ་ཟིན་ནས་རྒྱ་ཆེའི་མང་ཚོགས་ལ་སྐད་ཆའི་འཇོན་ཐང་ངོམ་པའི་སྟེགས་བུ་ཞིག་བསྐྲུན་ཡོད།
གསར་བརྗེའི་དུས་ཀྱི་ལོ་ཟླ་ཕྱིར་དྲན་བྱེད། བསམ་པའི་རིག་གནས་གསོ་ཞིང་སྐྱོང་།
གཏམ་རྒྱུད་གྱེར་ཀློག་འགྲན་སྡུར་ནི་གསར་བརྗེའི་ལོ་ཟླར་ཕྱིར་དྲན་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད། འགྲན་ཞུགས་པ་ཚོས་ཉམས་དང་འགྱུར་བའི་ངག་ལ་བརྟེན་ནས་ལོ་རྒྱུས་ཀྱི་རི་མོ་བྲིས་ཡོད། ཁོ་ཚོས་ཆར་རླུང་དང་དཀའ་ངལ་ལ་མི་འཛེམས་པར་ཁྱིམ་དང་རྒྱལ་ཁབ་སྲུང་བའི་གཏམ་རྒྱུད་གླེང་ཡོད་ལ། གོ་འཇོ་ས་གནས་ཀྱི་གསར་བརྗེའི་གཏམ་རྒྱུད་ཀྱང་གླེང་ཡོད།
མི་རིགས་སྒྲ་དབྱངས་ལྷང་ལྷང་གྲགས། སྒྱུ་རྩལ་མེ་ཏོག་ལྷམ་མེར་བཞད།
གླུ་གར་འགྲན་སྡུར་ལས་གོ་འཇོ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་། རྒན་དར་གཞོན་གསུམ་གྱིས་ལུས་ལ་མི་རིགས་ཀྱི་གཟབ་མཆོར་ལེགས་པོར་སྤྲས་ཏེ་འགྲན་རའི་ཐོག་གར་སྟབས་ལིང་ལིང་བསྒྱུར་ཡོད། ཕོ་རྒོད་ཚོའི་ཉམས་འགྱུར་རེ་རེ་ལས་མཐོ་སྒང་བུ་ཕྲུག་ཚོའི་སྙིང་སྟོབས་དང་སྟོབས་ཤུགས་མངོན་ལ། སྨན་ཤར་ཚོའི་གོམ་སྟབས་ནི་ཕྱེ་མ་ལེབ་དང་འདྲ་བར་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་མཛེས་པའང་མངོན་ཐུབ། མིག་སྔའི་བར་གོ་འཇོ་རྫོང་གིས་གླུ་གར་འགྲན་སྡུར་ཐེངས55སྤེལ་ནས་མི་རིགས་ཀྱི་རིག་གནས་དེ་གར་སྟེགས་ཐོག་ལྷམ་མེར་བཞད་དུ་བཅུག་ཡོད།
སྲོལ་རྒྱུན་རྩལ་ནུས་འགྲན་སྡུར་ལས། འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་བསྩལ།
སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་རྩལ་ནུས་འགྲན་སྡུར་གྱིས་གནའ་བོའི་མི་རིགས་ཤིག་གི་བློ་གྲོས་ལ་གསོན་ཤུགས་བསྩལ་བ་དང་། འགྲན་ཞུགས་པ་ཚོས་རྩམ་པ་འཐག་པ་དང་། མར་བཟོ་བ། ཐང་ག་བྲིས་ཏེ་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་དེ་འགྲན་སྡུར་ཐོག་ངོམ་པར་བྱས་ཡོད།
“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་རབ་དང་རིམ་པ་གོ་འཇོ་རྫོང་དུ་སྤེལ་བ་ནི་བསམ་པའི་རིག་གནས་ཀྱི་གསོལ་སྟོན་ཐེངས་ཤིག་ཡིན། དེས་གསར་བརྗེའི་གཞི་རྒྱུ་ལ་རྒྱུད་འཛིན་དང་དར་སྤེལ་བྱུང་བ་མ་ཟད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་འགྲན་སྡུར་ཞུགས་པའི་གོ་རིམ་ཁྲོད་དུ་རིག་གནས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་པའི་ཁར་འབད་འཐབ་ཀྱི་སྤྲོ་སེམས་ལ་སྐུལ་སློང་ཐུབ་ཡོད།