ཆབ་མདོའི་ས་མིང་།—རྒན་བྱམས་པ་དགེ་ལེགས་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།

གསར་འགྱུར་སྤེལ་དུས།  【2025-03-18 09:00:00】

      དྲི་བ་འདྲི་མཁན། མདོ་འཛིན་པ་ཁྱི་ལོད་གྲགས་པ། (གཤམ་དུ་བསྡུས་མིང་ལ་ཀ་པ་ཞེས་འབྲི)

ལན་འདོན་མཁན། རྒན་བྱམས་པ་དགེ་ལེགས་ལགས། (གཤམ་དུ་བསྡུས་མིང་ལ་ཁ་པ་ཞེས་འབྲི)

ཆབ་མདོ་གྲོང་རྡལ་ནི་ཆབ་མདོ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གསུམ་གྱི་ལྟེ་བ་ཡིན་པ་མ་ཟད། གནའ་སྔ་མོ་ནས་བཟུང་། ཆབ་མདོར་དགའ་ཆབ་མདོ་ནོར་བུའི་ས་ཆ་ཞེས་པའི་མཚན་སྙན་ཡོད་པ་རེད། དེས་ན་ཆབ་མདོ་ཞེས་པའི་ཚིག་དེ་གཉིས་ཀྱི་དོན་ཅི་ཡིན་པ་དང་། ནོར་བུའི་ས་ཆ་ཟེར་དོན་གང་ཡིན་པ། དེ་མིན་ཆབ་མདོའི་སའི་ཆགས་དབྱིབས་སོགས་ཇི་ལྟར་ཡིན་པ་རེད། གནད་དོན་དེ་དག་གི་སྐོར་ལ་ང་ཚོས་ཆུང་དུས་ནས་ཆབ་མདོ་མཐིལ་ནས་ནར་སོན་ཞིང་འཚོ་བ་སྐྱེལ་བ་དང་། ད་ལྟ་དགུང་ལོ་དོན་བཞིར་སླེབས་པའི་རྒན་བྱམས་པ་དགེ་ལེགས་ལགས་ལ་བཀའ་འདྲི་ཞིག་ཞུས་པ་གཤམ་གསལ་ལྟར།

ཀ་པ། རྒན་ལགས། ཆབ་མདོ་ཞེས་པའི་མིང་དེ་ཇི་ལྟར་བྱུང་བ་རེད།

ཁ་པ། སྤྱིར་བཏང་ང་ད་ལོར་ལོ་དོན་བཞིར་སླེབས་ཡོད་པ་དང་། སྔོན་བྱོན་རྒན་རབས་པ་དག་གིས་ང་ཚོར་བཤད་པའི་ངག་རྒྱུན་དང་བཤད་རྒྱུན་དེ་དག་ད་ལྟའི་ཕྱི་རབས་པ་དག་ལ་མ་བཤད་ན། ཁོ་ཚོས་ཆབ་མདོའི་ས་བབ་ཆགས་ལུགས་ཆགས་སྟངས་སྐོར་ཤེས་དཀོན་པོ་རེད། ཆབ་མདོ་ཞེས་པའི་ཆབ་ནི་ཆུ་ལ་གོ རྫ་ཆུ་དང་། ངོམ་ཆུ་གཉིས་གཅིག་ཏུ་འདྲེས་པའི་མདོར་ཆགས་ཡོད་པས་ན་ཆབ་མདོ་ཞེས་འབོད་པ་ ཡིན།

ཀ་པ། རྒན་ལགས། ཆབ་མདོ་ནོར་བུའི་ས་ཆ་ཞེས་པའི་མིང་ཅི་ལྟར་ཐོགས།

ཁ་པ། རྒྱུ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་གཡང་དུ་འཁྱིལ་བའི་བརྡར། རྒྱབ་རི་འབྲུག་རི་སྔོན་མོའི་གཡས་ངོས་སུ་བྲག་ནོར་བུ་སུམ་ཚུག་བཟོ་བོ་མཁས་པས་ཆེད་དུ་བཟོས་པ་ལྟ་བུ་གསལ་ལ་འབུར་དུ་དོད་པ། རིམ་གཉིས་ཀྱི་རྣལ་འབྱོར་ལ་མངའ་བརྙེས་པའི་གྲུབ་པའི་དབང་ཕྱུག་ཟམ་མི་ཆད་པར་འབྱོན་པའི་རྟེན་འབྲེལ་གྱི་ཚུལ་དུ་མིང་དེ་ལྟར་ཐོགས་པ་ཡིན།

ཀ་པ། རྒན་ལགས། ཆབ་མདོ་སྤྱིའི་ས་བབ་ཆགས་ཚུལ་ངོ་སྤྲོད་ཙམ་གནང་རོགས།

ཁ་པ། ཆབ་མདོའི་སྤྱིའི་ཆགས་ཚུལ་ནི་ཆབ་མདོ་དགོན་པ་ནས་ཁ་ལྷོ་ཕྱོགས་སུ་གཏད་ན། བསྟན་པའི་དབུ་འཕང་མཐོ་བའི་བརྡར། རྒྱབ་རི་འབྲུག་རི་སྔོན་མོ་ཞེས་རི་རྒྱུད་རིང་ཞིང་དཔངས་མཐོ་བ་གཡུ་འབྲུག་གནམ་ལ་འཕྱོ་བ་ལྟ་བུ་དང་། ཆོས་སྲིད་ཀྱི་མངའ་ཐང་ཀུན་ནས་རྒྱས་ཤིང་རབ་ཏུ་བརྟན་པའི་བརྡར། གཡོན་རི་ཁྲ་རྒོད་ཞེས་ཁྲ་དང་རྒོད་པོ་ས་ལ་བབས་པ་འདྲ་བ། ཆུ་སྲིན་རྒྱལ་མཚན་ཅན་གྱི་རྗེས་སུ་འཇུག་པའི་ཕས་རྒོལ་གྱི་གནོད་པ་སྲུང་བའི་བརྡར། གཡས་རི་ཤུག་གུ་སྤང་ཞེས་པ་བཙན་དར་མ་སོ་ལ་ཆས་པ་འདྲ་བ། ལྷོ་གཡུ་འབྲུག་སྔོན་མོ་ཞེས་གཡས་གཡོན་ཆུ་གཉིས་གཉེན་དུ་བསྡེབས་པའི་ཚུལ་གྱིས་འདྲེས་པ་མདུན་གྱི་དགོན་པར་ཡོན་ཆབ་བཤམས་པ་འདྲ་བ་ཡོད།

ཆབ་མདོ་འདི་ཉིད་ཀྱི་ཆགས་དབྱིབས་ནི་བྱ་རྒྱལ་ཁྱུང་ཆེན་ལ་དཔེར་བླངས་ཡོད་དེ། ཆུ་གཉིས་གཅིག་ཏུ་འདྲེས་པའི་མདོ་ཡི་གཡས་གཡོན་གྱི་ཐང་གཉིས་གཤོག་པ་བརྐྱངས་པ་དང་འདྲ། བྱ་ཁྱུང་གན་རྐྱལ་དུ་བསྒྱེལ་བའི་མགོར་ཆབ་དགོན་བྱམས་པ་གླིང་འདི་ཉིད་རྒྱུ་སྐར་དབུས་ཀྱི་ཟླ་བ་དང་གསེར་རིའི་དབུས་ཀྱི་ལྷུན་པོ་བཞིན་དུ་ལྷང་ངེར་ལྷན་ནེར་ལྷམ་མེར་ཆགས་ཡོད།

བྱང་སེམས་ཤེས་རབ་བཟང་པོས་གསུངས་པ་ལྟར་ན། ཤར་གྱི་ས་འཛིན་མཐོན་པོའི་ལྷོ་ངོས་སུ་སྟག་མོ་གཟན་ལ་རྔམ་པ་འདྲ་བའི་རང་བྱུང་གསལ་བར་ཡོད་པ་ནི་ཤར་སྲུང་རྒྱ་སྟག་ཁྲ་བོ་དང་། ལྷོ་ན་གཡས་གཡོན་གྱི་ཆུ་གཉིས་གཉེན་དུ་བསྡེབས་པའི་ཚུལ་གྱིས་འདྲེས་པ་མདུན་དུ་ཡོན་ཆབ་བཤམས་པ་འདྲ་བ་ནི་ལྷོ་སྲུང་གཡུ་འབྲུག་ སྔོན་མོ། ནུབ་ཏུ་ཤུག་སྤང་གི་རི་རྩེའི་བྲག་དམར་བྱ་ཁྱུང་དམར་པོ་ཚང་ལ་བབས་པ་ལྟ་བུ་ནི་ནུབ་སྲུང་བྱ་དམར་མོ། བྱང་ན་བྲག་འབུར་རག་ཏོ་རུས་སྦལ་གྱེན་དུ་ལངས་པ་ལྟ་བུ་ནི་བྱང་སྲུང་རུས་སྦལ་རྒྱ་བོ་བཅས་ཡིན།

ཀ་པ། རྒན་ལགས། ཆབ་མདོའི་ཡར་ཐང་དང་། མར་ཐང་། སིལ་ཐོག་ཐང་། སྟག་རྩ་ཐང་། སྐྱ་ཐང་སོགས་ཀྱི་བྱུང་བ་དང་། དེ་ལྟར་དབྱེ་ཚུལ་ངོ་སྤྲོད་བྱས་ན་ཆོག་གམ།

ཁ་པ། གོང་དུ་བཤད་པ་བཞིན་ཆབ་མདོའི་སའི་དབྱིབས་བྱ་ཁྱུང་གན་རྐྱལ་དུ་བསྒྱེལ་བ་དང་འདྲ་བར། བྱ་ཁྱུང་གི་མགོར་ཆབ་དགོན་བྱམས་པ་གླིང་འདི་ཆགས་ཡོད་པ་དང་། དེའི་རྒྱུད་དེ་ལ་ཡར་ཐང་ཡང་ཟེར། བྱ་ཁྱུང་གི་ལྟོ་བ་འདྲ་བའི་སར་ཆབ་མདོ་གྲོང་ཁྱེར་གྱི་ལྟེ་བ་ཆགས་ཡོད། དེའི་རྒྱུད་ལ་མར་ཐང་ཟེར། བྱ་ཁྱུང་གི་ལག་པ་གཡས་སུ་སིལ་ཏོག་ཐང་སྟེ། ད་ལྟའི་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ཆགས་ས་དེ་ཡིན། ལག་པ་གཡོན་དུ་སྐྱ་ཐང་སྟེ་ད་ལྟའི་ཆབ་མདོའི་ཡན་ལག་དམག་ཁུལ་ཁང་ཆགས་ཡོད། རྐང་པ་གཅིག་ནི་ལྕི་བ་ཐང་སྟེ་ད་ལྟའི་དམག་སྒར་ཡོད་སའི་རྒྱུད་དེ་ཡིན། རྐང་པ་གཞན་ཞིག་ནི་སྟག་ཐང་སྟེ་ད་ལྟའི་སྟག་རྩ་ཐང་དེ་ཡིན།

ཀ་པ། རྒན་ལགས། ཆོས་ཁྲི་ཁ་ཞེས་མིང་ཐོགས་དོན་གང་ཡིན།

ཁ་པ། ཆོས་ཁྲི་ཁ་ཞེས་པའི་མིང་གི་ཐོགས་དོན་ལ་བཤད་ཚུལ་ཕལ་ཆེར་གསུམ་ཡོད་དེ། གཅིག་ནི་ཆོས་ཁྲི་ཁའི་ཁ་གཏད་ཀྱི་སྦལ་མགོ་རི་ནས་འདབས་བར་ཆོས་པ་མང་པོ་འབྱོན་འགྲོ་བའི་རྣམ་པ་ས་འབུར་མང་པོ་ཡོད་པས་དེ་ལྟར་ཟེར། གཉིས་ནི་ཆོས་ཁྲི་ཁའི་འོག་ཏུ་ཡོད་པའི་ཟླ་ཆུའི་འགྲམ་རྒྱུད་དུ་ཀླུ་ལ་མཆོད་གསོལ་བྱེད་པའི་གནས་ཡིན་པས་ན་དེ་ལྟར་ཟེར། གསུམ་ནི་གནའ་སྔ་མོར་ཆོས་ཁྲི་ཁའི་ས་ཆར་ཆོས་པ་མང་པོ་ཕེབས་ཏེ་བསང་དང་། ཁྲུས། རབ་གནས་སོགས་མང་པོ་བྱས་པས་ན་དེ་ལྟར་བཏགས་པ་ཡིན།

ཀ་པ། རྒན་ལགས། སྟག་རྩ་ཐང་ཞེས་པའི་མིང་ཐོགས་དོན་གང་ཡིན།

ཁ་པ། ཤར་གྱི་ས་འཛིན་མཐོན་པོའི་ལྷོ་ངོས་སུ་སྟག་མོ་གཟན་ལ་རྔམ་པ་འདྲ་བའི་རང་བྱུང་ཡོད་པ་དེ་ལ་གཞི་བྱས་ནས་ས་དེའི་ཕུ་ལ་སྟག་ཕུ་ཁ་དང་། བར་ལ་སྟག་རོང་ཁ། མདའ་ལ་སྟག་བ་སྟེང་ཞེས་འབོད་པ་ཡིན། ལ་ཤས་ཀྱིས་རྟ་ལ་རྩྭ་གཏོར་སའི་ས་ཡིན་པས་ན་རྟ་རྩྭ་ཐང་རེད་ཟེར་མོད། དོན་ལ་སྟག་རང་བྱུང་ཡོད་སའི་མདའ་ན་ཆགས་ཡོད་པའི་ཐང་ཡིན་པས་སྟག་རྩ་ཐང་ཟེར་བ་ཡིན།

ཁ་རུབ་གནའ་ཤུལ།

ཁ་རུབ་གནའ་ཤུལ་ནི་ཆབ་མདོ་རྫོང་གི་ཁ་རུབ་གྲོང་ཚོར་ཡོད། གནའ་ཤུལ་དེ་ནི་རྡོ་ཆས་གསར་མའི་དུས་སྐབས་ཀྱི་འདུས་སྡོད་ཚོ་བའི་གནའ་ཤུལ་ཞིག་ཡིན་པ་དང་ད་བར་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ་གནའ་རྫས་རྟོག་ཞིབ་ལས་རིགས་སུ་ཀུན་གྱིས་ཁས་ལེན་པའི་བོད་ཀྱི་གནའ་རབས་གདོད་མའི་རིག་གནས་ཀྱི་རྗེས་ཤུལ་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན་པར་ངོས་འཛིན་བྱེད། དེ་ནི་1977ལོར་ཨར་འདམ་བཟོ་གྲྭའི་བཟོ་བས་ཨར་ལས་ཀྱི་གོ་རིམ་ཁྲོད་ནས་རྙེད་པ་ཞིག་ཡིན་ལ་ དེའི་རྗེས་ཀྱི་1978ལོ་དང་། 1979ལོ། 2002ལོ། 2012ལོ་བཅས་ཐེངས་བཞི་ལ་གནའ་ཤུལ་སྔོག་འདོན་བྱས། གནའ་ཤུལ་འདི་ནི་མིག་སྔའི་བར་ཏུ་ཀྲུང་གོ་ནས་རྙེད་པའི་མཚོ་འཕགས་ཆེས་མཐོ་ལ་གཞུང་ཐིག་གི་ཚད་ནུབ་ཕྱོགས་དང་བར་ཐག་ཆེས་ཉེ་བའི་རྡོ་ ཆས་གསར་མའི་སྐབས་སུ་བྱུང་པའི་གནས་ཤུལ་ཞིག་ཡིན་པ་དང་གནའ་རྫས་རྟོག་ ཞིབ་པས་ཁ་རུབ་གནའ་ཤུལ་གྱི་ཚབ་བྱེད་པའི་གནའ་རྫས་རྟོག་ཞིབ་པར་ཁ་རུབ་རིག་གནས་ཞེས་སུ་འབོད་པ་དང་། དེ་ནི་རྡོ་ཆས་གསར་པའི་དུས་སྐབས་སུ་བོད་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་མཚོན་བྱེད་རང་བཞིན་ལྡན་པའི་རིག་གནས་ཤིག་ ཡིན།

གནའ་ཤུལ་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གསུམ་ཡན་ཡོད་པ་དང་ གནའ་ཤུལ་ནས་སྔོག་འདོན་བྱེད་པའི་རིག་དངོས་ཁྲི་གསུམ་ལྷག་ཡོད། གནའ་ཤུལ་དེ་ནས་ཐོན་པའི་རིག་དངོས་དང་རྟོག་ཞིབ་ལས་བདེན་དཔང་བྱས་པ་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་ངོ་བཞི་སྟོང་ལྔ་སྟོང་ལྷག་གི་ཡར་སྔོན་དུ་ཁ་རུབ་རིག་གནས་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་སུའུ་དང་མཚོ་སྔོན་ས་ཁུལ་གྱི་གནའ་རྫས་དང་རིག་དངོས། ཡུན་ནན་ཁུལ་གྱི་ཡོན་མའོ་རིག་དངོས་དང་འབྲེལ་བ་ཟབ་མོ་ལྡན་ཡོད་པ་ཤེས་ལ་ཀྲུང་ཧྭའི་གནའ་བོའི་ཤེས་རིག་ཞིབ་འཇུག་བྱེད་པར་རིན་ཐང་གི་ནུས་པ་གལ་ཆེན་ལྡན་ཡོད་ པ་དང་ཐུན་མོང་མ་ཡིན་པའི་གོ་གནས་བཟུང་ཡོད།

ཁ་རུབ་གནའ་ཤུལ་ལས་ཐོན་པའི་ཟུང་གཟུགས་རྫ་བུམ་ནི་ད་ལྟ་བོད་ལྗོངས་ བཤམས་སྟོན་ཁང་གི་ནོར་བུ་གཅིག་པུ་དེ་ཡིན་ལ་དུས་རབས་གསར་པའི་སྐབས་ཀྱི་ རྡོ་ཏེབ་ཙག་ནི་གནའ་ཤུལ་ལས་ཐོན་པ་ཆེས་མང་པའི་གནའ་རྫས་ཤིག་ཡིན་པ་དང་དག་སྒྲིག་བྱས་པ་བརྒྱུད་སྤུས་ཚད་ལོན་པའི་རིག་དངོས་བརྒྱད་ཁྲི་ལྷག་ཡོད་པ་དང་ དེར་རྡོ་ཆས་དང་རུས་ཆས་སོགས་འདུས། རྡོ་ཆས་མིན་པའི་རུས་པའི་རྭ་ཅོ་དང་རྒྱན་ཆ་སོགས་ཁྱོན་རིག་དངོས་སུམ་བརྒྱ་དྲུག་ཅུ་དང་། དེར་རུས་པའི་འབུག་དང་། རུས་པའི་ཁབ། རུས་པའི་སྟ་རེ། རུས་པའི་སྐྲར་སྣུམ་བྱུགས་བྱེད་དང་རུས་པའི་གྲི་སོགས་ཀྱང་ཡོད། རྫ་དམར་ནི་མཐོ་ཚད་ལ་ལི་སྨི་ཉེར་ལྔ་ཡོད་པ་དང་། གནའ་ཤུལ་ལས་ཐོན་པའི་རྫ་ཆས་ལྷེབ་ལྷེབ་ཁྲི་གཉིས་ལྷག་དང་བཀོལ་ཆོག་པ་ཆིག་སྟོང་ཡོད་པ་དང་རྫ་ སྣོད་དང་ཀ་ཏོ་ར། ཕོར་པ་གསུམ་ཏུ་དབྱེ་ཡོད་ལ་དེའི་ནང་གསེས་སུ་རྫ་སྣོད་རིགས་བརྒྱད་བརྒྱད་དགུ་བཅུ་ལྷག་དང་ཀ་ཏོ་རའི་རིགས་ཉིས་བརྒྱ་ཉེར་བཞི། ཕོར་བའི་རིགས་བརྒྱ་དང་བཅོ་བརྒྱད་ཡོད། རྡོ་དང་རུས་པ་ལས་གྲུབ་པའི་སྐེ་རྒྱན་ལྟ་བུའི་རྒྱན་ཆ་སོགས་གནའ་ཤུལ་ལས་ཁྱོན་ལྔ་བཅུ་ཐོན་པ་དང་། དེའི་རྒྱུ་ཆ་ནི་རྡོ་དང་གཡུ། རུས་པ་དང་དུང་དཀར་སོགས་ཡིན།

ཁ་རུབ་གནའ་ཤུལ་གསར་རྙེད་བྱུང་པ་དེས་བོད་ཀྱི་གནའ་རྫས་རྟོག་ཞིབ་ལོ་རྒྱུས་ཐོག་ར་སྤྲོད་རང་བཞིན་གྱི་བདེན་དཔང་བཞག་པ་དང་དུས་རབས་ཤིག་གི་མིག་ཟུང་གསལ་བར་འབྱེད་པའི་དགེ་མཚན་བཞག་ཡོད་པ་རེད།