གསར་འགྱུར་སྤེལ་དུས། 【2025-03-18 09:00:00】
འདི་ནི་ལས་དོན་མི་སྣས་ཚོང་ཟོག་བདེན་རྫུན་གྱི་དབྱེ་འབྱེད་སྐོར་ལ་འགྲེལ་བཤད་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་3ཚེས་15ཉིན་ནི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཐེངས་43པ་དེ་ཡིན་པ་དང་།ཟླ3ཚེས15ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཁོངས་མིའི་ཚན་པ34དང་མཉམ་འབྲེལ་ཐོག་ཇ་རྟའི་ཐང་ཆེན་དུ2025ལོའི“ཡིད་ཚིམ་འཛད་སྤྱོད་མཉམ་དུ་སྐྲུན།འཛད་སྤྱོད་འདྲ་མཉམ་སྐུལ་འདེད་གཏོང་”ཞེས་པ་བརྗོད་དོན་གཙོ་བོའི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་དྲིལ་བསྒྲགས་བློ་འདྲིའི་ཞབས་ཞུ་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་པ་དང་རྣམ་པ་འཁྲུག་ཆ་དོད་ཅིང་། རྒྱ་ཆེའི་གྲོང་མི་རྣམས་བྱེད་སྒོ་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།ལས་དོན་མི་སྣས་ཡུལ་དངོས་སུ་ཐོན་རྫས་བདེན་རྫུན་དབྱེ་འབྱེད་བྱ་ཡུལ་དང་། མི་སེར་ལ་ཞབས་འདེགས་ཞུ་ཡུལ། ཁེ་ལས་ཀྱི་ལོ་འཁོར་སྙན་ཞུའི་རམ་འདེགས་བྱ་ཡུལ་སོགས་འགྲེམས་ཁུལ་14བཀོད་སྒྲིག་བྱས་ཡོད། ལས་དོན་མི་སྣས་དངོས་རྫས་ལ་བརྟེན་ནས་ཐོན་རྫས་ཀྱི་ཕྱི་ཚུལ་ཇུས་འགོད་དང་། ཐུམ་སྒྲིལ། རྫུན་འགོག་མཚོན་རྟགས་སོགས་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ། བློ་འདྲི་བྱེད་པར་ཡོང་མཁན་གྲོང་མིར་ཐོན་རྫས་བདེན་རྫུན་དབྱེ་འབྱེད་ཇི་ལྟར་བྱེད་དགོས་མིན་འགྲེལ་བཤད་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོའི་ནང་འཛད་སྤྱོད་བྱེད་མཁན་དང་། ཁེ་ལས། ཁྲིམས་ར་ལྟ་སྐུལ་དོ་དམ་སྡེ་ཚན་བཅས་མཉམ་དུ་བྱེད་སྒོར་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་བརྒྱུད། བདེ་འཇགས་ཞི་མཐུན་གྱི་འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་དང་དྲང་གཞག་ཡིད་རྟོན་གྱི་ཚོང་རའི་ཁོར་ཡུག་སྔར་བས་སྐྲུན་རྒྱུ་ཡིན་པ་རེད།
“དེ་རིང་315འཛད་སྤྱོད་པའི་བྱེད་སྒོ་སྤེལ་རིང་ལས་དོན་མི་སྣས་ཚོང་ཟོག་གི་བདེན་རྫུན་དབྱེ་འབྱེད་ཇི་ལྟར་བྱ་རྒྱུའི་སྐོར་ངོ་སྤྲོད་བྱས་པ་དེས་ང་ཚོ་འཛད་སྤྱོད་པར་ཕན་པ་ཧ་ཅང་ཆེན་པོ་ཐོབ་པ་མ་ཟད།བཟའ་བཅའི་བདེ་འཇགས་ཐོག་APPབརྒྱུད་ཞིབ་བཤེར་བྱེད་ནས་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ཚོང་ཟོག་དེར་ཞིབ་དཔྱད་ཚད་ལེན་བྱེད་དུ་བཅུག་ནས་ང་ཚོས་དེ་བས་བློས་འགེལ་ཆོག་པའི་ཡིད་ཆེས་ཡོད”ཅེས་གྲོང་མི་ཀུང་ཏེ་ཧུང་གིས་གསར་འགོད་པར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་དུ་དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་ཁྱོན་24000ཙམ་སྤྲད་པ་དང་། མང་ཚོགས་ལ་དྲིལ་བསྒྲགས་དངོས་ཟོག་སྟེ་ཉོ་ཆའི་ཁུག་མ་དང་། པང་ཁེབས། ཆར་གདུགས་སོགས་ཁྱོན་3500སྤྲད་པ་དེས་མང་ཚོགས་2300ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རྣམ་པ་སྣ་ཚོགས་བརྒྱུད་མང་ཚོགས་ལ་འཛད་སྤྱོད་པའི་ཁེ་དབང་དང་འབྲེལ་བ་ཡོད་པའི་ཤེས་བྱ་དྲིལ་བསྒྲགས་བྱས་པས། འཛད་སྤྱོད་པའི་བདེན་རྫུན་དབྱེ་འབྱེད་ངོས་འཛིན་ནུས་པ་དང་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད། སྤྱི་ཚོགས་ལས་རིགས་ཁག་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་མཐོང་ཆེན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་པ་རེད།