ཀྲོང་ཅིན་སུང་གིས་ཁ་རུབ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་དང་། ཐོན་ཁུངས་དགེ་མཚན་འདོན་སྤེལ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2025-03-18 09:00:00】

ཀྲོང་ཅིན་སུང་གིས་རོབ་པ་ཆུ་ཚན་མགྲོན་ཁང་དུ་རྟོག་ཞིབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་སྔ་རྗེས་སུ་ཁ་རུབ་གནའ་ཤུལ་སྤྱི་གླིང་དང་། རོབ་པ་ཆུ་ཚན་མགྲོན་ཁང་། ཁྲུང་ཆིན་ཁ་རུབ་བྱམས་བརྩེའི་བྱིས་པའི་སྤྲོ་ར། ཁ་རུབ་གྲོང་ཚོ་བཅས་སུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས་པའི་ཁར། རིག་གནས་སྲུང་སྐྱོབ་རྒྱུད་འཛིན་དང་བེད་སྤྱོད། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། མཛེས་པའི་གྲོང་གསེབ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་རྟོག་ཞིབ་གནང་ཞིང་།

ཁོང་གིས་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་དང་རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཁ་རུབ་གནའ་ཤུལ་སྲུང་སྐྱོབ་དང་། རྒྱུད་འཛིན། གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། “རིག་གནས་ཞིབ་འཇུག་དང་། རིག་གནས་འགྲེམས་སྟོན། རིག་གནས་ཡུལ་སྐོར”བཅས་ཀྱི་ལས་སྒོ་གསར་པ་གཞི་གཅིག་ཏུ་གཏོད་དེ་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་ཁ་རུབ་གནའ་ཤུལ་སྤྱི་གླིང་དུ་ཕེབས་ཏེ་ཁ་རུབ་གནའ་ཤུལ་ལས་ཐོན་པའི་གནའ་རྫས་དང་རིག་གནས་སྲུང་སྐྱོང་རྒྱུད་འཛིན་ལས་དོན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིག་དངོས་དང་རིག་དངོས་ཤུལ་བཞག་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་ཡིན། ཁ་རུབ་གནའ་ཤུལ་གྱིས་ལོ་ངོ་5000ནས་4000ལྷག་གི་རིང་གི་གནའ་བོའི་མི་རིགས་ཀྱི་ཐོན་སྐྱེད་དང་། འཚོ་བའི་ཁུངས་སྣེ་བཅས་གསལ་པོ་སྟོན་ཡོད་པས་དེ་ནི་ཆབ་མདོའི་ལོ་རྒྱུས་རིག་གནས་ཀྱི་རྩ་བ་ཡིན་ལ་གནའ་ཤུལ་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། སྲུང་སྐྱོབ་ཨང་དང་པོ་བཞག་ནས་ཁ་རུབ་གནའ་ཤུལ་སྔོག་འདོན་དང་ཞིབ་འཇུག་གཏིང་ཟབ་ཏུ་བཏང་སྟེ་རིག་གནས་མངོན་མིན་ཤུལ་གཞག་ལ་སྲུང་སྐྱོབ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་གིས་རོབ་པ་ཆུ་ཚན་མགྲོན་ཁང་དང་ཁྲུང་ཆིན་ཁ་རུབ་བྱམས་བརྩེའི་བྱིས་པའི་སྤྲོ་ར་བཅས་ཀྱི་ལས་དོན་ངོ་སྤྲོད་ལ་གསན་ཞིང་། ཁོང་གིས་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གི་ཁྲིད་སྟོན་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ནང་ཞུགས་པར་སྐུལ་སློང་། “གནའ་རྫས་སྔོག་འདོན་དང་། ལོ་རྒྱུས་ཞིབ་འཇུག འགྲེམས་པ་འགྲེམས་སྟོན། རིག་གནས་ཡུལ་སྐོར”བཅས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོ་འཚོལ་ཞིབ་དང་གཏོད་དེ་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཕན་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཀྲོང་ཅིན་སུང་ཁ་རུབ་པེ་ཅིན་གྲོང་ཚོ་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་སྤེལ་རེས་གཏིང་ཟབ་གནང་ཞིང་གཞི་རིམ་བཅོས་སྐྱོང་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཁོང་གིས་གནས་སྐྱིད་ལས་སྐྱིད་མཛེས་པའི་ཤང་གྲོང་འཛུགས་སྐྲུན་བྱས་ཏེ།“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་ཚོ་མཛེས་བཟོ་སྔོ་སྒྱུར་ཏན་ཏིག་སྤེལ་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་དོན་དངོས་ཁག་ཅིག་དམ་འཛིན་ཡག་པོ་བཅས་བྱས་ཏེ། གྲོང་མི་ཚོའི་སྐྱིད་སྣང་དང་བདེ་སྣང་། ཐོབ་སྣང་བཅས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། ཁ་རུབ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་བློ་བཟང་རྣམ་འདྲེན་གྱི་ཁྱིམ་ནས་ཀྲོང་ཅིན་སུང་གིས་བློ་བཟང་རྣམ་འདྲེན་གྱིས་རང་སྦྱོང་བྱས་ནས་ཁང་ཚོན་རི་མོ་གཏོད་པའི་སྐོར་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་པོ་འགྱུར་ལུགས་སོགས་ཀྱི་གནས་ཚུལ་ཤེས་དུས་དགའ་ཚོར་ཆེན་པོ་བྱུང་སྟེ། ཁོང་ལ་ཁང་ཚོན་རི་མོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་བཏང་ནས་མང་ཚོགས་གང་མང་ཚོན་བྲིས་ལས་རིགས་ནང་ཞུགས་སུ་བཅུག་པ་དང་མང་ཚོགས་ཀྱི་འཚོ་བ་ཇེ་ཕྱུག་དང་ཕ་ཡུལ་གྱི་གསོན་ཤུགས་ཇེ་རྒྱས་ཡོང་བར་བྱེད་དགོས་ཞེས་སྐུལ་ལྕག་གནང་བ་རེད།