ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ལས་དོན་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025-04-08 09:45:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས2ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ལས་དོན་བཀོད་གཏོང་བཀོད་སྒྲིག་སྐོར་གྱི་ཚོགས་འདུ་འཚོགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་ནགསུང་བཤད་ཀྱང་གནང་ཡོད། ཚོགས་འདུའི་ཐོག་ལེ་ཚན་གསར་འཁྲབ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་། གྲོང་ཁྱེར་རྟེན་རྫས་ཁང་ལེགས་བཅོས་རིམ་སྤོར་སོགས་ཀྱི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་གསན་པ་མ་ཟད་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་ཀྱང་བྱས་ཡོད།

ལའོ་ཆིན་འུའུ་ཡིས་རིག་གནས་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ནང་གནས་སྒུལ་ཤུགས་ཤིག་དང་སྤུས་དག་གོང་འཕེལ་གྱི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ནི་རིག་གནས་ཀྱི་གདེང་ཚོད་མཚོན་ཐབས་གལ་ཆེན་ཞིག་རེད། དེ་ཡང་ཚུགས་གནས་མཐོ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་ཟུར་ཚད་དང་རིག་གནས་ཀྱི་གདེང་ཚོད་རྨང་གཞིར་བྱས་ཏེ་ཁམས་པའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མུ་མཐུད་སྔོག་འདོན་བྱེད་པ་དང་། གསར་གཏོད་མཐའ་འཁྱོངས་བྱེད་པ། ལེ་ཚན་ཇུས་འགོད་དང་རྩོམ་སྒྲིག་དམ་འཛིན། སྲོལ་རྒྱུན་རིག་གནས་མཚོན་པའི་ཕུལ་བྱུང་གི་ལེ་ཚན་གསར་རྩོམ་བཅས་བྱེད་དགོས་ལ། མ་དངུལ་སྤྱི་འདོམས་དང་ཐོན་ཁུངས་བསྡུ་སྒྲིལ། སྡེ་ཚན་མཉམ་འགུལ་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཞིབ་འཇུག་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད། ཁྱད་ལྡན་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཆབ་མདོའི་རིག་གནས་གསར་གཏོད་ཀྱི་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་རིག་གནས་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་རྟེན་རྫས་ཁང་ནི་ཆབ་མདོའི་རིག་གནས་ཀྱི་མིང་བྱང་ཞིག་ཡིན་པས་རང་ཡུལ་གྱི་ཤེས་རིག་མཚོན་ཞིང་ལོ་རྒྱུས་རིག་གནས་རྒྱུན་འཛིན། གྲོང་ཁྱེར་གྱི་སྤུས་ཀ་བཟང་སྐྱེད་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད་པས། གྲོང་ཁྱེར་རྟེན་རྫས་ཁང་ལེགས་བཅོས་རིམ་སྤོར་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ལྟེ་བར་འཛིན་པ་དང་རིག་དངོས་རྒྱབ་ཀྱི་གཏམ་རྒྱུད་སྔོག་འདོན་གང་ལེགས་བྱེད་པ། འགྲེམས་སྟོན་བྱེད་སྟངས་གསར་གཏོད་བཅས་ཀྱི་ཐོག་ནས་ལོ་རྒྱུས་རིག་གནས་ཀྱི“གསོན”དུ་བཅུག་ནས་ལས་བྱེད་པ་དང་མང་ཚོགས་རྣམས་རང་ཡུལ་གྱི་རིག་གནས་ལ་ངོས་འཛིན་གཅིག་མཐུན་དང་སྤོབས་སེམས་ཆེ་རུ་སྐྱེད་དགོས། རིག་གནས་གསར་གཏོད་ལ་ཤུགས་སྣོན་དང་། རིག་གནས་ཡུལ་སྐོར་འགྲོ་ས་བཟོ་བ། སློབ་གསོ་ལྟ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་ཐབས་འཚོལ་ཞིབ་བྱས་ཏེ། ལྟད་མོ་བ་རྣམས་མཉམ་ཞུགས་དང་མཉམ་འགུལ་བྱེད་ཚད་ཇེ་མཐོར་གཏོང་དགོས། དེ་བཞིན་ཚོགས་པ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན། རྟེན་རྫས་ཁང་གི་དོ་དམ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ལ། མུ་མཐུད་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གཞི་གྲངས་རིག་མཛོད་ཀྱི་བྱེད་ནུས་འཐུས་ཚང་དུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པར་རོགས་སྐྱོར་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཚོགས་འདུ་ཞུགས་ཡོད།