སྤྱོད་ཚུལ་གྱི་གནད་དོན་ནི་རྩ་བའི་ཆ་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་རེད།

གསར་འགྱུར་སྤེལ་དུས།  【2025-04-14 11:10:00】

དེང་སྐབས་ཏང་ཡོངས་ཀྱི་གོང་འོག་ཚང་མར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་སུ་གཏོང་བའི་གོམ་པ་དང་པོ་ཡིན་ལ། གུང་ཁྲན་ཏང་མི་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་བླང་བྱའང་རེད། སྤྱོད་ཚུལ་གྱི་གནད་དོན་ནི་རྩ་བའི་ཆ་ནས་བརྗོད་ན་ཏང་གཤིས་ཀྱི་གནད་དོན་རེད། སྤྱོད་ཚུལ་ནས་གཟུགས་བརྙན་དང་བྱང་ཚད་མངོན་པ་དང་ཏང་གཤིས་མངོན་གྱི་ཡོད། ཐག་གཅོད་ཀྱི་ནུས་པ་ཐོན་པ་ཡང་ཏང་གཤིས་ཡིན། སྤྱོད་ཚུལ་ལེགས་སུ་གཏོང་བར་གཅིག་ཤེས་ཀུན་འགྲོལ་དང་སྤྱོད་ཚུལ་ལ་བརྟེན་ནས་ཏང་གཤིས་ལ་ལྟ་བ་དང་། སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐོག་ཏང་གཤིས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།

ཏང་གཤིས་བཟང་ངན་ལ་ཚད་འཇལ་བྱེད་པའི་རྩ་བའི་ཚད་གཞི་ནི་གཞུང་དང་སྒེར་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་རེད། གྱོད་དཔེ་འབོར་ཆེན་ལས་མངོན་དོན། སྤྱོད་ཚུལ་གྱི་གནད་དོན་མང་པོ་ཞིག་ཐོན་པ་ནི། གཞུང་དང་སྒེར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་མ་བྱུང་བས་རེད། ལྟོ་དུས་ཁ་ཤས་དང་། བྱང་བུ་འགའ། ཆང་ཕོར་པ་གང་དོ་བཅས་ནི“གྲོགས་པོའི”དབར་གྱི་སྒེར་གྱི་བརྩེ་དུང་ཡིན་པར་འདོད་ཀྱང་དོན་དམ་དུ་གཞུང་གི་དབང་ཆ་དང་སྤྱི་དམངས་ཀྱི་ཁེ་ཕན་གཡོ་འཚོང་བྱས་པ་ཞིག་རེད། གཞུང་དངུལ་ནི་གཞུང་རང་གི་ཡིན་པས། དངུལ་སྐར་ལི་གཅིག་ཀྱང་གང་བྱུང་དུ་སྤྱོད་མི་རུང་། གཞུང་གི་དབང་ཆ་དེ་མི་དམངས་ཀྱི་ཆེད་དུ་སྤྱོད་དགོས་པ་ལས། སྒེར་དོན་དུ་གཏན་ནས་སྤྱོད་མི་རུང་། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་གཞུང་དང་སྒེར་དབྱེ་བ་གསལ་པོར་འབྱེད་པ་དང་།

སྔོན་ལ་གཞུང་དང་རྗེས་སུ་སྒེར། སྒེར་དོན་དོར་བ་དང་གཞུང་དོན་སྐྱོང་བ་བཅས་སེམས་ལ་བརྟན་པོར་ངེས་ནས་བདེན་པ་དྲང་གཞག་གི་ལས་ཀ་བྱེད་པ་དང་གཞུང་དྲང་གནོང་མེད་ཀྱི་མི་ཞིག་བྱས་ཏེ། ཏང་གཤིས་ཀྱི་ཆུ་རགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་སྤྱོད་ཚུལ་གྱི་གནད་དོན་མ་ཐོན་སྔོན་འགོག་བྱེད་དགོས།

དད་སེམས་ནི་རྩ་བ་དང་སྤྱོད་ཚུལ་ནི་རྣམ་པ་ཡིན། རྩ་བ་བརྟན་པོ་བྱུང་ན་རྣམ་པ་ལས་ཀྱིས་ཡག་པོ་ཡོང་བ་དང་། རྩ་བ་བརྟན་པོ་མེད་ན་རྣམ་པ་ཡག་པོ་ཡོང་མི་སྲིད། ཏང་གི་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་རྩ་བ་ཡིན། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ན་ད་གཟོད་མིག་གསལ་སེམས་དྲོང་དང་རིག་པ་དྭངས་གསལ་ཡོང་ཐུབ། ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་ན་སེམས་པ་རྒྱུ་དངོས་ལ་ཆགས་ནས་ཁ་ཕྱོགས་འཛོལ་སྲིད། དེས་ན་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ། ཕུགས་བསམ་དང་དད་སེམས་ཁྲོད་ནས་གནས་ཚུལ་ཆེན་པོར་ལྟ་ཞིབ་དང་། དུས་འགྱུར་ལ་བསྟུན་པ། འབྱུང་འགྱུར་ལ་ལྟ་བ་བཅས་ཀྱི་ལམ་སྟོན་སྒྲོན་མེ་དང་། དེ་བཞིན་འབད་འཐབ་ལྷོད་མེད་དང་འབད་འབུངས་ཡར་བརྩོན་བྱེད་པའི་སྒུལ་ཤུགས་ཀྱི་འབྱུང་རྩ། བདེན་མིན་དབྱེ་འབྱེད་དང་རབ་རིབ་སེལ་བའི་ཆབ་སྲིད་ཀྱི་མིག་རྣོ་པོ། བསླད་སྐྱོན་འགོག་པ་དང་ངན་འགྱུར་སྔོན་འགོག་བྱེད་པའི་འགོག་ནུས་ཆེན་པོ་བཅས་ཐོབ་པར་བྱེད་དགོས།

ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ནི་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ཡུན་རིང་འདུ་འགོད་ཅིག་ཡིན་ལ། ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་ནི་ཇི་ཙམ་འཆད་པ་དེ་ཙམ་གྱིས་གསར་དུ་འགྲོ་བའི་ཚེ་གང་གི་དོན་གཉེར་བྱ་གཞི་ཞིག་ཀྱང་ཡིན། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ཀུན་སྤྱོད་ཀྱི་ཆུ་ཚད་དེ་ན་ཚོད་དང་། ཏང་ཞུགས་ལོ་ཚད། ལས་ཞུགས་ལོ་ཚད་བཅས་ཆེ་རུ་འགྲོ་བ་དང་བསྟུན་ནས་རང་བཞིན་གྱིས་མཐོ་རུ་འགྲོ་མི་སྲིད་ལ། གོ་གནས་འཕར་བ་དང་བསྟུན་ནས་རང་བཞིན་གྱིས་མཐོ་རུའང་འགྲོ་མི་སྲིད། རྒྱུན་སྲིང་ལྷོད་མེད་ཀྱིས་རང་ངོས་ཞུན་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ངོས་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རང་ངོས་སྒྱུར་བཀོད་རྒྱུན་ཆད་མེད་པར་བྱེད་པ། བསམ་བློར་བྱི་དོར་རྟག་ཏུ་བྱེད་པ། འདོད་རྔམ་གྱི་གནོད་འཚེ་རྟག་ཏུ་བསམ་པ། སེམས་ཀྱི་ཆོམ་རྐུན་རྟག་ཏུ་འདུལ་བ་བཅས་བྱས་ན། གཞི་ནས་ཡིན་མིན་གྱི་གནད་དོན་ཆེན་པོ་འཕྲད་སྐབས་དར་ཆ་གསལ་སྟོན་དང་། དཀའ་སྡུག་དང་ཚོད་བགམ་ཐུག་དུས་འཇིགས་དངངས་མི་ཡོང་ལ། བསླུ་བྲིད་སྣ་ཚོགས་མདུན་དུ་ལངས་ཕྱོགས་བརྟན་པོར་གནས་པ་བཅས་བྱེད་ཐུབ།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་8ཉིན་འབྱོར་བའི་གློག་འཕྲིན)