གསར་འགྱུར་སྤེལ་དུས། 【2025-04-15 10:30:00】
ཟླ་4ཚེས་8དང་9ཉིན་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུ་ཟླ་4ཚེས་8དང་9ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྐབས། དུས་རབས་གསར་པ་ཚུན་གྱི་རང་རྒྱལ་གྱི་མཐའ་འཁོར་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་གནང་བ་དང་། དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་གནང་བ། སླད་ཕྱིན་དུས་སྐབས་ཤིག་རིང་གི་མཐའ་འཁོར་ལས་དོན་གྱི་དམིགས་ཚད་ལས་འགན་དང་བསམ་ཕྱོགས་དང་བྱེད་ཐབས་ཁ་གསལ་བཟོས་གནང་བ་མ་ཟད། མཐའ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དམིགས་ནས་མཐའ་འཁོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་ཀྱང་གནང་བ་རེད། ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་མཐའ་འཁོར་ལས་དོན་གྱི་ལས་འགན་ཁག་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་མངའ་ཁོངས་རྒྱ་ཆེ་ཞིང་མཐའ་མཚམས་ཀྱི་ལམ་ཐིག་རིང་བས། མཐའ་འཁོར་རྒྱལ་ཁབ་ནི་དར་རྒྱས་གོང་འཕེལ་ཡོང་བའི་རྨང་གཞི་གལ་ཆེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གཙོ་གནད། ཕྱི་འབྲེལ་གྱི་སྤྱི་ཡོངས་ཐབས་ཇུས་ཀྱི་གཙོ་བོ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩ་བཅས་རེད། གོ་ལ་ཧྲིལ་པོར་ལྟ་བའི་མིག་རྒྱང་རིང་པོའི་ཐོག་ནས་མཐའ་འཁོར་ལ་ཞིབ་ལྟ་བྱས་ཏེ་མཐའ་འཁོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་མཐའ་འཁོར་ལ་མཛའ་མཐུན་བསྟུན་མཁས་ཀྱི་ཕྱི་འབྲེལ་འདུ་ཤེས་བཏོན་པ་དང་། མཐའ་འཁོར་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་ཁྲིད་སྟོན་གྱིས་གཙོ་བདག་གི་ཕྱི་འབྲེལ་གྱིས་སྣེ་ཁྲིད་དུ་བྱས་ནས་མཐའ་འཁོར་རྒྱལ་ཁབ་དང་ཕྱོགས་ཡོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ། དངོས་སྒྲུབ་ནུས་ཆེའི་མཐའ་འཁོར་ལས་དོན་གྱི་སྒྲོམ་གཞི་ཆགས་པར་བྱས་ཁར། མཐའ་འཁོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ལག་ལེན་ཁྲོད་འཚོལ་ཞིབ་བྱས་པ་ལས་བྱུང་བའི་ཉམས་མྱོང་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་དང་མཐའ་འཁོར་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་ཉེ་རབས་ཚུན་གྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་ཆབས་ཅིག མཐའ་འཁོར་རྒྱལ་ཁབ་ཀྱི་རྣམ་པ་དང་འཛམ་གླིང་གི་འགྱུར་ལྡོག་མཉམ་འགུལ་གཏིང་ཟབ་བྱེད་པའི་དུས་མཚམས་གལ་ཆེན་དུའང་སླེབས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་སྤྱི་ཡོངས་གཉིས་དང་བདེ་འཇགས་དང་འཕེལ་རྒྱས་དོན་ཆེན་གཉིས་ལ་སྤྱི་འདོམས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ་བཅས་བྱས་ཏེ་ཞི་བདེ་དང་། བདེ་འཇགས། དར་རྒྱས། མཛེས་སྡུག མཛའ་མཐུན་བཅས་ལྡན་པའི“ཁྱིམ་གཞིས་ཆེན་པོ་ལྔ”འཛུགས་སྐྲུན་བྱ་རྒྱུ་ཐུན་མོང་གི་འདུན་པར་བརྩི་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་མཛའ་མཐུན་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་བདེ་འཇགས། ཁྱིམ་མཚེས་རྒྱལ་ཁབ་དབར་ཕྱུག་པོ། མཛའ་མཐུན་བསྟུན་མཁས། ལས་དབང་གཅིག་མཐུན་བཅས་འདུ་ཤེས་དང་བྱེད་ཕྱོགས་སུ་བརྩི་བ། ཞི་བདེ་དང་། མཉམ་ལས། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་རྩ་བའི་གཞི་འཛིན་སར་བརྩི་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ལས་སྟེགས་གཙོ་བོར་བརྩི་བ། བདེ་སྡུག་མཉམ་མྱོང་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག སྐད་ཆ་ཤོད་རེས་དང་གྲོས་མོལ་བཅས་ཀྱི་ཨེ་ཤེ་ཡའི་བདེ་འཇགས་རྣམ་པ་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་ཐོག་ནས་མཐའ་འཁོར་རྒྱལ་ཁབ་དང་ལག་གདང་དཔུང་སྦྲེལ་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་མཐའ་འཁོར་རྒྱལ་ཁབ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་དང་། ས་ཁུལ་རྒྱལ་ཁབ་རང་ཉིད་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་བརྟན་པོར་སྐྱོད་པར་རྒྱབ་སྐྱོར་བྱེད་པ། འགལ་བ་དང་མི་མཐུན་པའི་ཕྱོགས་ལ་དོ་དམ་ཚོད་འཛིན་འོས་འཚམ་བཅས་བྱེད་དགོས། འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་འཛུགས་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ས་ཁུལ་གྱི་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། བདེ་འཇགས་དང་ཁྲིམས་སྒྱུར་གྱི་མཉམ་ལས་བྱེད་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་བཅས་བྱེད་དགོས། འགྲོ་འོང་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་ནས་མི་སྣ་འགྲོ་འོང་སྟབས་བདེ་ཡོང་བར་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། མཐའ་འཁོར་རྒྱལ་ཁབ་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཚེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ནུས་པ་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐའ་འཁོར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས།