ཆབ་མདོ་དང་ནག་ཆུའི་ལས་དོན་སྤེལ་རེས་ཚོགས་འདུ་འཚོགས་པ།ལའོ་ཆིན་འུའུ་དང་བཀྲ་ཤིས་རྡོ་རྗེ་གཉིས་ཀྱིས་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2025-04-15 10:40:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས8ཉིན་གྱི་ཕྱི་དྲོར། ནག་ཆུའི་ལས་དོན་སྤེལ་རེས་ཚོགས་འདུ་དེ་ཁ་རུབ་ཏུ་འཚོགས་པ་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དང་། ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་བཀྲ་ཤིས་རྡོ་རྗེ་རྣམ་གཉིས་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ནག་ཆུའི་རྟོག་ཞིབ་ཚོགས་ཆུང་ཆབ་མདོར་རྟོག་ཞིབ་སྤེལ་རེས་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས། མིག་སྔར་ཆབ་མདོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་ནུས་རྒྱུ་གཙང་མ་དང་།

ལྗང་མདོག་གཏེར་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་ཁྲིད་སྟོན་དུ་བཟུང་བ་དང་། འགྲིམ་འགྲུལ་དང་ཞིང་འབྲོག་ལས་རིགས་གཙོ་བོར་བྱས་པའི་འཕེལ་རྒྱས་མ་ལག་ཧུར་ཐག་གིས་འཛུགས་སྐྲུན་བྱས་པའི་ཁར། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུ”བཏོན་པ་དང་། ཤར་ཕྱོགས་སུ་ཚད་བརྒལ་ཡོང་རྒྱུར་མཐའ་འཁྱོངས་བྱས་ཏེ་ས་ཁོངས་དང་། ཐོན་ཁུངས་སོགས་ཀྱི་དགེ་མཚན་ལ་དམིགས་ཏེ་“འགྱུར་བ་གསུམ”གྱི་ལས་འགན་ལེགས་སྒྲུབ་ཡོང་བར་བྱས་ནས་ཆབ་མདོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད་ཅེས་བསྟན།

བཀྲ་ཤིས་རྡོ་རྗེ་ཡིས་ནག་ཆུ་དང་ཆབ་མདོ་ནི་རི་ཆུ་གཅིག་ཏུ་འབྲེལ་ཞིང་རིག་གནས་མཉམ་ཏུ་འདྲེས་ཏེ་བརྩེ་བ་གཅིག་ཏུ་སྦྲེལ་ཡོད་པས་ལག་གདང་སྦྲེལ་ནས་མདུན་དུ་སྤྱོད་པའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུ་ཤེས་ཡོད། ཆབ་མདོའི་“འགྱུར་བ་གསུམ”གྱི་འཕེལ་རྒྱས་ངེས་གནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུ”བཏོན་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་ཀྱི་དགེ་མཚན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁར་བསྒྱུར་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གོམ་སྟབས་གསར་པ་ཞིག་ཏུ་སྤོས་པ་དང་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་གཏོད་པ་དེར་ནག་ཆུའི་སློབ་སྦྱོང་བྱེད་རིན་པ་ཞིག་རེད། ནག་ཆུས་ཆབ་མདོ་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གནད་སྨིན་བཀོད་སྒྲིག་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཆབ་མདོའི་ནུས་རྒྱུ་གཙང་མ་དང་སྐྱེ་ཁམས་འཛུགས་སྐྱོང་། ཐོན་ལས་མཉམ་ལས། རིག་གནས་དང་ཡུལ་སྐོར་སྦྲེལ་མཐུད། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་ཐོན་ཁུངས་ཕན་ཚུན་སྤེལ་རེས་དང་བགྲོད་ལམ་འབྲེལ་མཐུད། ལམ་ཐིག་མཉམ་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས་ས་གནས་གཉིས་པོའི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་གོ་ཅན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད། ཆབ་མདོ་གྲོང་ཁྱེར་མ་འཇོག་ཀུང་ཟི་དང་། ནུས་ཁུངས་ཚོགས་པ། རིག་གནས་དང་ཡུལ་སྐོར་ཚོགས་པ། གཏེར་ལས་ཚོགས་པ། ཞིང་ལས་འཕེལ་རྒྱས་ཚོགས་པ། བོད་ལྗོངས་ལྷའི་བདུད་རྩི་བོད་སྨན་ཀུང་ཟི་བཅས་ཀྱི་འགན་འཁུར་བས་གཏམ་བཤད་སྤེལ་ཡོད།