ལའོ་ཆིན་འུའུ་ཡིས་བོད་ལྗོངས་བདུད་རྩི་བོད་སྨན་ཀུང་ཟིར་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

གསར་འགྱུར་སྤེལ་དུས།  【2025-04-18 10:45:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས10ཉིན་གྱི་སྔ་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་བོད་ལྗོངས་བདུད་རྩི་བོད་སྨན་ཀུང་ཟིར་ཕེབས་ཏེ་བོད་སྨན་གྱི་སྲོལ་རྒྱུན་བཟོ་རྩལ་རྒྱུད་འཛིན་དང་། དེང་རབས་ཀྱི་ལག་རྩལ་གསར་གཏོད། ཁྲོམ་རའི་བཀོད་པ་དང་སླད་ཕྱིན་གྱི་འཆར་འགོད་ལས་དོན་བཅས་ལ་རྟོག་ཞིབ་གནང་ཡོད།

རྟོག་ཞིབ་གནང་རིང་། ལའོ་ཆིན་འུའུ་ཡིས་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དང་། ཞིབ་འཇུག་གསར་སྤེལ་ལྟེ་གནས། ཁེ་ལས་རིག་གནས་ཀྱི་གྱང་ལྡེབས་བཅས་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་འགན་འཁུར་བའི་སྙན་སེང་ལ་གསན་པ་མ་ཟད་བོད་སྨན་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་དང་། མ་བཅོས་རྒྱུ་ཆ་མཁོ་འདོན། ཞིབ་འཇུག་གསར་སྤེལ་གྲུབ་འབྲས་དེ་བཞིན་ཁྲོམ་རའི་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་བྱས་ཡོད། ཁོང་གིས་བོད་སྨན་ཐོན་ལས་ནི་ཆབ་མདོའི་ཐུན་མོང་མ་ཡིན་པའི་ཁྱད་ལྡན་ཐོན་ལས་ཤིག་ཡིན་པའི་ཆ་ནས་འཕེལ་རྒྱས་ཀྱི་མངོན་མེད་ནུས་ཤུགས་ལྡན་ཡོད། བོད་སྨན་རྒྱུད་འཛིན་དང་། གསར་གཏོད། འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཀྲུང་ལུགས་གསོ་རིག་དར་རྒྱས་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཆབ་མདོའི་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་མཐོ་རིམ་ཇུས་འགོད་དང་འཆར་འགོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བོད་སྨན་ཐོན་ལས་ཀྱི་ངེས་གནས་ཁ་གསལ་བཟོས་ཏེ་ཆབ་མདོའི་ཐོན་ཁུངས་ཀྱི་རང་སྤུས་དང་ཐོན་ལས་ཀྱི་རྨང་གཞིར་བརྟེན་ནས་བོད་ལུགས་གསོ་རིག་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་སྤྱིའི་བཀོད་པ་བཟོས་ཏེ་མ་ལག་ཅན་གྱི་ཞིབ་འཇུག་དང་ལམ་སྲོལ་ཅན་གྱི་དོ་དམ་བྱས་ནས་འཕེལ་རྒྱས་ཀྱི་དམིགས་ཚད་སྔར་བས་ཁ་གསལ་ཡོང་བར་བྱས་ཏེ། བོད་ལུགས་གསོ་རིག་གི་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་ལ། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། ཚད་ལྡན་ཅན་གྱི་གསོ་སྦྱོང་དང་ཚན་ཞིབ་སྟོབས་ཤུགས་སྒྲིག་འཛུགས་བྱེད་པ། བོད་སྨན་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ལག་རྩལ་ཐད་ཀྱི་དཀའ་གནད་སེལ་བ་བཅས་བྱས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་འདུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཤིང་། རིག་གནས་ཡུལ་སྐོར་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁམས་གསེང་ཡུལ་སྐོར་གྱི་རྣམ་པ་གསར་དུ་གཏོད་པ་དང་རིག་གནས་ཡུལ་སྐོར་བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་ཞིབ་སྤེལ་དང་ཤེས་ལྡན་མི་སྣ་ནང་འདྲེན། ཁྲོམ་རའི་མ་རྩ་མཉམ་འདྲེས་སོགས་ཀྱི་ཐད་གཟིགས་སྐྱོང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་སྲིད་ཇུས་ཀྱི་ལྕག་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་ཞབས་ཞུ་འགན་ལེན་ཡག་པོར་བྱས་ཏེ་རང་རེའི་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་གི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།