གསར་འགྱུར་སྤེལ་དུས། 【2025-04-18 10:55:00】
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷོ་རོང་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་པར་ལེན་དང་བརྙན་ཐུང་བསྐྱར་འགྲན་ཐོག་མ་དེ་གྲོང་ཚོ་རིམ་པའི་གྲ་སྒྲིག་འགྲན་སྡུར་དང་ཤང་རིམ་པའི་ཐོག་མའི་འགྲན་སྡུར་བཅས་རབ་དང་རིམ་པའི་བདམས་གསེས་བྱས་པ་བརྒྱུད་ཟླ4པའི་ཚེས10ཉིན་ཚན་སློབ་རིག་གནས་ལྟེ་གནས་སུ་བསྐྱར་འགྲན་བྱས་པ་རེད།
པར་ལེན་འགྲན་སྡུར་གྱི་ཡུལ་དངོས་སུ་འགྲན་ཞུགས་པ33གྱིས་ཨང་རིམ་ལྟར་གར་སྟེགས་སུ་བུད་དེ་ཁོ་ཚོས་བློ་ཞིབ་མོས་བླངས་པའི་བརྩམས་ཆོས་འགྲེམས་སྟོན་བྱས་པ་མ་ཟད་རང་ཉིད་ཀྱི་བརྩམས་ཆོས་བླངས་པའི་དུས་ཚོད་དང་། ས་གནས། གསར་གཏོད་ཀྱི་བསམ་ཕྱོགས་དང་བརྗོད་དོན་སོགས་ངོ་སྤྲོད་བྱས་ཡོད། བརྩམས་ཆོས་འདི་དག་གི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པའི་ཁར། མེས་རྒྱས་དང་། ཕ་ཡུལ། འཚོ་བ་བཅས་ལ་བཅངས་པའི་བརྩེ་བ་ཟབ་མོས་ཁེངས་ཡོད།
བརྙན་ཐུང་འགྲན་སྡུར་ནང་ཤང་གྲོང11གི་བདམས་ཐོན་པ་གསུམ་གྱིས་བརྩམས་ཆོས་གསར་གཏོད་བྱེད་པའི་བསམ་ཕྱོགས་དང་ས་གནས་ས་ཐོག་ཏུ་བརྙན་ཐུང་བརྩམས་ཆོས་འགྲེམས་སྟོན་བྱེད་པའི་རྣམ་པའི་ཐོག་ནས་འགྲན་སྡུར་དྲག་པོ་བྱས་པ་རེད།
ཐེངས་འདིའི་འགྲན་སྡུར་གྱིས་གྲོང་ཁྱེར་རིམ་པའི་འགྲན་སྡུར་ནང་ཕུལ་བྱུང་ཤེས་ལྡན་པ་བདམས་ཐོན་བྱུང་བ་མ་ཟད། དེ་ལས་ཀྱང་གལ་ཆེ་བ་ནི་པར་ལེན་དང་བརྙན་ཐུང་གི་སྒྱུ་རྩལ་རིགས་འདི་གཉིས་བརྒྱུད་ནས་ལྷོ་རོང་གི་དམར་མདངས་རིག་གནས་དང་། རང་བྱུང་གི་ཡུལ་ལྗོངས། དམངས་སྲོལ་གོམས་གཤིས། འཕེལ་རྒྱས་གྲུབ་འབྲས་སོགས་སྔོག་འདོན་དང་འགྲེམས་སྟོན་གཏིང་ཟབ་བྱས་ཡོད། དེས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྤྲོ་སྣང་ལ་སྔར་བས་སྐུལ་སློང་ཐེབས་ཏེ་ལྷོ་རོང་རྫོང་གི་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྩལ་ཡོད་པ་རེད།