ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་སྨྱན་སྦྱོར་ཐོག་མཚན་བཀོད་རྩོམ་ཡིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-04-22 09:40:00】

ཤིན་ཧྭ་གསར་འགྱུར་ཁང་ཁྭ་ལ་ལུམ་ཕུར་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་15ཉིན། ཁྭ་ལ་ལུམ་ཕུར་དུ་ཕེབས་ནས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་ཉེའི་མཚམས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི《ཤིང་ཀྲོའུ་ཉིན་རེའི་ཚགས་པར》དང་། 《སྐར་ཚགས》《ཉི་འོད་ཉིན་རེའི་ཚགས་པར》བཅས་ཀྱི་ཐོག《ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་གྲུ་གཟིངས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་ཡོད། རྩོམ་ཡིག་གི་ནང་དོན་ཆ་ཚང་གཤམ་གསལ།

ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་གྲུ་གཟིངས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱི་གདན་ཞུས་ལྟར་ངས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་བྱ་རྒྱུ་ཡིན། འདི་ནི་ངས་ལོ་12སོང་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་རྒྱལ་ཁབ་འདིར་འཚམས་འདྲིར་ཡོང་བ་ཞིག་ཡིན།

ངས་མ་ལེ་ཞི་ཡའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་དངོས་སུ་མྱོང་ལེན་བྱས་ཏེ་མ་ལེ་ཞི་ཡའི་གྲོགས་པོ་དང་མཛའ་གྲོགས་ལྷུག་གླེང་དང་མཉམ་ལས་གླེང་མོལ་གང་ལེགས་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཀྲུང་གོ་དང་མ་ལེ་ཞི་ཡ་ནི་མཚོ་ཁ་གཅིག་གི་ཕར་ཚུར་གནས་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་རེད། མཚོ་ཐོག་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་ལས་བརྒལ་བའི་མཛའ་གྲོགས་འགྲོ་འོང་ལ་བདེན་དཔང་བྱས་པ་དང་། “ཆུ་བཏུབས་ཀྱང་མི་ཆོད་པ”ལྟ་བུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་སྔར་བས་ཟབ་ཏུ་ཕྱིན་ཡོད། ལོ་ངོ་1300ལྷག་ཙམ་གྱི་གོང་དུ། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་བཙུན་པ་དབྱི་ཅིང་རྒྱ་མཚོ་བསྒྲལ་ནས་ཆོས་ཞུ་བའི་ལམ་བར་དུ་མ་ལེའི་ཕྱེད་གླིང་བརྒྱུད་སྐབས་གནའ་བོའི་ཀུའུ་ཅི་ཏ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་མར་ཡིག་ཐོག་ཏུ་ཕབ་ཡོད།

ལོ་600ལྷག་ཙམ་གྱི་གོང་ཀྲུང་གོའི་མིང་རྒྱལ་རབས་ཀྱི་མཚོ་འགྲུལ་མཁས་ཅན་ཀྲེང་ཧོ་རྒྱང་རིང་མཚོ་འགྲུལ་ཐེངས་7བསྐྱོད་རིང་མཱ་ལིའུ་ཅ་རུ་ཐེངས་5སླེབས་ནས་ཞི་བདེའི་མཛའ་གྲོགས་ཀྱི་ས་བོན་བཏབ་ཡོད། མཱ་ལིའུ་ཅ་ཡི་སན་པའོ་ལྷ་ཁང་དང་། སན་པའོ་རི་བོ། སན་པའོ་ཁྲོན་པ་བཅས་ལས་ས་གནས་དེ་གའི་མི་དམངས་ཀྱིས་ཁོང་ལ་དྲན་གསོ་ཟབ་མོ་ཞུ་ལུགས་མཚོན་ཡོད། ལོ་80ལྷག་ཙམ་གྱི་གོང་མ་ལེ་ཞི་ཡའི་ལྷོ་ཕྱོགས་མཚོ་འགྲམ་ས་ཁུལ་གྱི་ཕྱིར་སྡོད་ཀྲུང་གོ་བའི་འཕྲུལ་འཁོར་བཟོ་པས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་འགག་རྩའི་དུས་སུ་ཡུན་ནན་དུ་ལོག་སྟེ་ཡུན་ནན་ནས་འབར་མའི་བར་གྱི་གཞུང་ལམ་གཙོ་བོ་དེ་སྐྲུན་རོགས་བྱས་པ་རེད། གཏམ་རྒྱུད་དེ་དག་ད་ལྟའང་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་ཁྲོད་དུ་རྒྱ་ཁྱབ་ཏུ་དར་བཞིན་ཡོད། དེང་བལྟས་སྔར་དྲན་བྱེད་སྐབས། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་ཀྱིས་ཐུན་མོང་འབད་བརྩོན་བརྒྱུད་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྐྱོད་བཞིན་པའི་མཛའ་གྲོགས་གྲུ་གཟིངས་ལ་སླར་ཡང་སྒུལ་ཤུགས་བསྣན་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱེད་དགོས།

ང་ཚོས་འཐབ་ཇུས་ཀྱིས་སྣེ་ཁྲིད་བྱེད་པའི་གྲུ་གཟིངས་ཀྱི་ཁ་ལོ་བརྟན་པོར་འཛིན་དགོས། ལོ་51གི་གོང་ཀྲུང་གོ་དང་མ་ལེ་ཞི་ཡའི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་འཇམ་འཐབ་ཀྱི་སྨུག་རྡུལ་གཏོར་ཏེ་ཕྱི་འབྲེལ་འཛུགས་རྒྱུའི་ཐག་བཅད་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་འབྲེལ་བའི་སྲོལ་བཏོད་ཡོད། ཕྱི་འབྲེལ་བཙུགས་ཚུན། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་བརྟེན་ལ་གཞི་ཚུགས་ནས། ཕན་ཚུན་དབར་གྱི་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་དང་ཕ་རོལ་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ཕྱོགས་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཕན་ཚུན་གྲུབ་འབྲས་ཐོབ་རོགས་དང་མཉམ་ལས་གཉིས་ཕན་གྱི་མིག་དཔེ་བཏོད་ཡོད། 2023ལོར་ང་དང་ཙུང་ལི་ཨན་ཝར་གཉིས་དབར་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་དུ་འཛུགས་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ཕྱོགས་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་གཏོང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་འཆར་འགོད་དོན་འཁྱོལ་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་ཀྱི་མཉམ་ལས་ལ་བརྟེན་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ང་ཚོས་དངོས་སྒྲུབ་མཉམ་ལས་ཀྱི་གྲུ་རྡོ་བརྟན་དུ་གཏོང་དགོས། 2024ལོར་ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་2120ཟིན་པ་དེ་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་འཛུགས་སྐབས་ལས་ལྡབ་སྟོང་ཙམ་འཕར་བ་དང་། ཀྲུང་གོ་ནི་ལོ་16བསྟུད་མར་མ་ལེ་ཞི་ཡའི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་གྱུར་ཡོད། མ་ལེ་ཞི་ཡའི་ཤིང་ཏོག་ལིའུ་ལན་སོས་པ་ཉིན་གཅིག་ལ་འབྲས་ཤིང་ལྡུམ་ར་ནས་ཀྲུང་གོའི་སྒོ་རྩིས་ཚོང་ཁང་དུ་དབོར་ཐུབ་པ་དང་། ཀྲུང་གོའི་མི་སེར་གྱི་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། མ་ཀྲུང་ཀོན་ཏན་ཐོན་ལས་གླིང་ལ་རིམ་རྩིས་བརྒྱབ་ན་མ་འཇོག་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་110ལྷག་ཙམ་བཏང་བ་དང་། གླིང་ཞུགས་རྣམ་གྲངས་ཚང་མ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཡུན་རིང་གི་ལས་ཞུགས་ལས་གནས་མང་པོ་གཏོད་རྒྱུ་རེད། རྒྱལ་ཁབ་གཉིས་པོའི་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། ཐོན་ལས་མ་འཇོག འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཤུགས་རྒྱུན་ཆད་མེད་པར་འཕེལ་ཡོད། ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། མཚོ་ཐོག་དཔལ་འབྱོར། ཡུལ་སྐོར་དཔལ་འབྱོར་བཅས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱེད་དགོས།

ང་ཚོས་མི་ཆོས་རིག་གནས་སྤེལ་རེས་ཀྱི་གྲུ་སྐྱ་ཡག་པོ་རྒྱག་དགོས། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་པོས་ཕ་རོལ་པོའི་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲད་ཡོད། 2024ལོར་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་600ཙམ་ཟིན་པ་དེ་ཏོག་གསར་རིམས་ནད་མ་ཐོན་གོང་གི་གྲངས་གཞི་ལས་བརྒལ་ཡོད། “མ་ལེ་ཞི་ཡ། ཨེ་ཤེ་ཡའི་ཡིད་དབང་འཕྲོག་ཤུགས་གནས་ས”ཞེས་པའི་བརྡ་ཁྱབ་ཀྱི་འབོད་ཚིག་འདིས་མ་ལེ་ཞི་ཡའི་རིག་གནས་དང་། ལོ་རྒྱུས། ཡུལ་ལྗོངས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མཚོན་པ་དང་ཀྲུང་གོའི་ཡུལ་སྐོར་བ་མང་པོ་ཞིག་སྤྲོ་གསེང་ལྟ་སྐོར་ལ་འགྲོ་བའི་ཡིད་དབང་བཀུག་ཡོད། དེ་དང་ཆབས་ཅིག་མ་ལེ་ཞི་ཡའི་ཡུལ་སྐོར་བ་དེ་བས་མང་བ་ཀྲུང་གོར་ཕུན་སུམ་ཚོགས་པའི“གནའ་ཉམས”དང་རྣམ་པར་བཀྲ་བའི“དེང་སྲོལ”ཉམས་ལེན་བྱེད་པར་ཡོང་གི་ཡོད། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་གཉེན་ཉེ་དང་འདྲ་བར་རྒྱུན་དུ་འགྲོ་འོང་བྱས་ཏེ་མི་ཆོས་རིག་གནས་སྤེལ་རེས་དང་ཤེས་དཔལ་སློབ་སྦྱོང་ལ་སྐུལ་འདེད་བཏང་ནས། མི་དམངས་ཕན་ཚུན་དང་ལྷག་པར་དུ་གཞོན་ནུ་མི་རབས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཟབ་ཏུ་གཏོང་དགོས།

ང་ཚོས་ཕྱོགས་མང་མཉམ་ལས་ཀྱི་གྲུ་གཡོར་སྒྲེང་དགོས། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་དང་། གསར་དར་ཁྲོམ་རའི་དཔལ་འབྱོར་དངོས་ཚན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་བཅས་ཡིན་པས། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། སྒོ་དབྱེ་དང་། བསྟུན་མཁས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལངས་ཕྱོགས་འདྲ་མཚུངས་ཡོད་ཅིང་། ཨེ་ཤེ་ཡ་ཤར་མའི་མཉམ་ལས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱེད་ཀྱི་ཡོད། མ་ལེ་ཞི་ཡ་འདི་ཉིད་འབོ་གསེར་གྱི་རོགས་ཟླའི་རྒྱལ་ཁབ་ཏུ་འགྱུར་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་སྟོབས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་ལོ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བའི་ལོ་ཡིན་ལ། དབན་ལུང་གྲོས་ཚོགས་འཚོགས་ནས་ལོ་70འཁོར་བའི་ལོའང་ཡིན། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་དབན་ལུང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་ལྷིང་སྲུང་སྐྱོང་། སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་དགོས།

ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ནི་བདེ་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ཞིང་། “སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག”ཅེས་པ་ནི་རྒྱལ་ཁབ་གཉིས་ཀར་ཡོད་པའི་གཏམ་དཔེ་ཞིག་ཡིན་པ་དང་། དེ་ལས་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པའི་བདེན་པ་གསལ་བཤད་བྱས་ཡོད། ཕྱོགས་གཉིས་པོས་དཔའ་ངར་ཆེན་པོས་མདུན་གྲལ་དུ་ལངས་པ་དང་འབད་བརྩོན་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། འཕེལ་རྒྱས་དང་། སྟོབས་ཆེན། དར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་ཐུན་མོང་ཐོག་གཏོད་དགོས།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་མཛའ་གྲོགས་མཉམ་ལས་དེ་དུས་རབས་ཀྱི་ཆར་རླུང་གྲངས་མེད་བརྒྱུད་རྗེས་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྲ་ཞིང་བརྟན་པར་གྱུར་ཡོད། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྐད་ཆ་ཤོད་རེས་རོགས་ཟླའི་ཁྲོད《ཨེ་ཤེ་ཡ་ཤར་ལྷོའི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ནང་ཐོག་མར་ཞུགས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་རང་མོས་ཚོང་དོན་ཁུལ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔོན་ལ་བཙུགས་ཡོད་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ནི་ཁུལ་ཁོངས་མཉམ་ལས་ཁྲོད་དངོས་གཉེར་དང་གྲུབ་འབྲས་ཕུན་སུམ་ཚོགས་ཤོས་ཤིག་རེད། ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། ཏོག་གསར་རིམས་ནད་སོགས་འགྲན་སློང་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ལྡོག་རྒྱུན་གྱི་མདུན་དུ་ཕྱོགས་གཉིས་པོས་ཕར་རོགས་ཚུར་རོགས་བྱས་པས་ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་བརྟན་དུ་ཕྱིན་ཡོད། 2024ལོར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་9800ལས་བརྒལ་ནས་ལོ་5བསྟུད་མར་ཕན་ཚུན་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོར་གྱུར་ཡོད་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཚོང་དོན་ཁུལ་གྱི་3.0པར་གཞིའི་གྲོས་མོལ་ངོ་བོའི་རང་བཞིན་གྱི་སྒོ་ནས་མཇུག་འགྲིལ་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་སྔར་བས་མང་བ་ཀྲུང་གོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད་ལ། ཀྲུང་གོའི་རྩོམ་རིག་དང་། འགུལ་རིས། གློག་བརྙན་བརྙན་འཕྲིན་བརྩམས་ཆོས་སོགས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་དར་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཡིད་དབང་འཕྲོག་པའི་དེང་རབས་ཀྱི་འཚོ་བའི་ཉམས་སྣང་མངོན་པར་བྱས་ཡོད།

ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཁུལ་ཁོངས་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལའང་རྒྱབ་སྐྱོར་བྱེད་ཀྱི་ཡོད། མ་ལེ་ཞི་ཡས་2025ལོའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་ཀྲུང་གོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་རྒྱུ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་མ་ལེ་ཞི་ཡས་འབྲེལ་ཟམ་གྱི་ནུས་པ་སྔར་བས་ལེགས་པར་འདོན་པའི་རེ་བའང་བྱེད་ཀྱི་ཡོད། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པའི་དེང་རབས་ཅན་ཞིག་ཡིན་པས་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་གོའི་དཔལ་འབྱོར་ནི་རྨང་གཞི་བརྟན་པ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། གཏིང་ཤུགས་ཆེ་བ་བཅས་ཡོད་པས་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་གྱི་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། ཀྲུང་གོས་2025ལོའི་དཔལ་འབྱོར་འཕར་བའི་སྔོན་དཔག་དམིགས་ཚད་5%ཡས་མས་སུ་གཏན་འཁེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་དེ་བས་མང་བ་སྣོན་རྒྱུ་ཡིན།

མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས་མཉམ་ལས་བྱས་ན་གཞི་ནས་མཉམ་དུ་རྒྱལ་ཐུབ། ཀྲུང་གོས་མ་ལེ་ཞི་ཡ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། ས་འབྲེལ་ཆབ་སྲིད་དང་དཔུང་ཚོགས་འགྲན་རྒོལ་གྱི་ལྐོག་རྒྱུན་བཀག་འགོག་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་ལྡོག་རྒྱུན་གཏོར་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་རླབས་གཤགས་མདུན་སྐྱོད་ཡོང་བར་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་འདོད་ཡོད།