སྔ་ས་དང་ཆུང་ས་ནས་དམ་འཛིན་བྱས་ཏེ་སྐྱོན་ཆུང་དུས་ནས་སེལ་དགོས།

གསར་འགྱུར་སྤེལ་དུས།  【2025-04-22 09:45:00】

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དོན་ཚན་ཚང་མ་ཞིབ་ཕྲའི་གནད་དོན་ལ་དམིགས་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ཆུང་ས་ནས་འགོ་འཛུགས་པ་དང་རྒྱུན་གཏན་ནས་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས། སྔ་ས་དང་ཆུང་ས་ནས་དམ་འཛིན་བྱས་ཏེ་སྐྱོན་ཆུང་དུས་ནས་སེལ་རྒྱུ་མཐའ་འཁྱོངས་ཀྱིས་ལས་བྱེད་པར་སྐྱོན་ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཐོན་པ་ཤེས་འཕྲལ་དུས་ཐོག་ཏུ་དྲན་སྐུལ་རྣ་ཅོག་བསུན་བསུན་བྱས་ཚེ་གནད་དོན་ཆུང་ངུ་གནད་དོན་ཆེན་པོར་མི་འགྱུར་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད།

དུས་རབས་གསར་པ་ཚུན་དུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བྱེད་པ་དེ་ཆུང་ས་ནས་འགོ་བཙུགས་ཏེ་སྐྱོན་ཆ་རེ་རེ་བཞིན་ཡོ་བསྲང་བྱེད་པ་དང་གནད་དོན་རེ་རེ་བཞིན་ཚད་བརྒལ་ཡོང་བ་མཐའ་འཁྱོངས་ཀྱིས“སྤྱོད་ཚུལ་ལ་བརྟེན་ནས་རུལ་སུངས་ལ་ཞིབ་བཤེར”བྱེད་པ་དང“རུལ་སུངས་ལ་བརྟེན་ནས་སྤྱོད་ཚུལ་ཡོ་བསྲང”བྱས་ཏེ་སྙིང་རུས་གཏན་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ཡོད།

ནོར་འཁྲུལ་གྱི་ངོས་འཛིན་ཁག་གཅིག་སྔར་བཞིན་གནས་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་བྱེད་སྤྱོད་ཡོ་བསྲང་དང་བཅོས་སྒྲིག་བྱེད་པར་ངོས་འཛིན་གསལ་པོ་མེད་པ་སྔར་བས་གསལ་པོ་བཟོ་དགོས། དཔེར་ན། ལ་ལས་ཡུལ་གྲོགས་དང་། སློབ་གྲོགས། ལས་རོགས། ལས་རིགས་གཅིག་པ་སོགས་དང་མཉམ་དུ་ཆང་ཏོག་ཙམ་འཐུང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པར་ངོས་འཛིན་གྱིས་མཐར་ངོ་སོ་མི་འཁྱོག་པར་མི་གཞན་ལ་དོན་དག་སྒྲུབ་རོགས་བྱེད་པ་དང་། ལ་ལས་དུས་བབ་ལ་ཚོད་དཔག་བྱས་ནས་རྨོངས་ཚོད་ཀྱིས་སྤྲོ་སྣང་འཕེལ་བར་བྱེད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ལྷོད་གཡེང་གཏོང་བ་དང་གནས་སྐབས་ཙམ་ཡིན་པར་སྙམ་གྱི་ཡོད། དོན་དངོས་ཐོག་མི་ཞིག་གི་བསམ་བློའི་འགོག་སྲུང་ལྷོད་དུ་གཏོང་བ་དང་སྤྱོད་གཙང་གི་མཐའ་ཚད་ཤོར་བ་ནི་རྟག་ཏུ་ཞིབ་ཆ་དང་ནོར་འཁྲུལ་གྱི་ངོས་འཛིན་ལས་བྱུང་བ་ཞིག་རེད།

སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ན། སྔར་ལས་ལྷག་པའི་སྒོ་ནས་ནོར་འཁྲུལ་དང་སྤྱོད་ཚུལ་ཡོ་བསྲང་བྱས་ཏེ་སྐྱོན་ཆུང་དུས་ནས་སེལ་བ་དང་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས་པའང་མཐོང་ཐུབ་པར་བྱེད་དགོས།

ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས“སྒྲིག་ཁྲིམས་ལ་གཏོར་བཤིག”གཏོང་བའི་བྱེད་སྤྱོད་མང་ཆེ་བ་ནི་བསམ་བློའི་འགོག་སྲུང་ལ་ལྷོད་གཡེང་ཤོར་བ་ལས་བྱུང་བ་ཞིག་རེད། སྔ་ས་དང་ཆུང་ས་ནས་དམ་འཛིན་བྱས་ཏེ་སྐྱོན་ཆུང་དུས་ནས་སེལ་བའི་རྩ་བ་འཛུགས་པ་དང་རྩ་བ་བརྟན་དུ་གཏོང་བར་འབད་བརྩོན་བྱེད་དགོས། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་ཀུན་སྤྱོད་ཀྱི་ཆུ་ཚད་ནི་ཏང་ལོ་དང་ལས་ལོ་འཕར་བ། གོ་གནས་འཕར་བ་བཅས་དང་བསྟུན་ནས་རང་ཤུགས་ཀྱིས་མཐོ་རུ་འགྲོ་མི་སྲིད། གོ་གནས་ཇི་ཙམ་མཐོ་ན་ལས་ཀ་བྱེད་པའི་དུས་ཚོད་དེ་ཙམ་གྱིས་རིང་བས། སེམས་པ་འདྲོང་ལ་རང་གཅུན་དེ་བས་ཐུབ་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་བླང་བྱ་དང་བསྡུར་ནས་བསམ་བློ་དང་ཆབ་སྲིད་ཐད་རང་གཅུན་ནན་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གུས་ཤིང་སྐྲག་པའི་བསམ་བློ་དང་རྒྱུན་ལྡན་གྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་སེམས་སུ་སྒྲིག་ཁྲིམས་དང་། རྩ་འཛུགས། མི་དམངས་བཅས་བཞག་ཚེ་གཞི་ནས“དོན་ཆུང”ནས་ནོར་འཁྲུལ་མི་ཤོར་བ་དང“གནས་ལུགས”ཆེན་པོའི་ཁ་ཕྱོགས་འཛོལ་མི་སྲིད།

ཆུང་ས་འགོག་སླ། མཇུག་མཐར་སྐྱོབ་དཀའ། སྔ་ས་དང་ཆུང་ས་ནས་དམ་འཛིན་གྱིས་སྐྱོན་ཆུང་དུས་ནས་སེལ་བར་ཐོག་མཐའ་བར་གསུམ་དུ་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་རྒྱུན་འཁྱོངས་བྱེད་དགོས། དོ་དམ་ནན་པོ་བྱེད་པ་ནི་ལས་བྱེད་པར་འགན་དངོས་འབྲེལ་འཁུར་བ་ཞིག་ཡིན་པས་འཛེམ་མེད་དམར་འདོན་དང་དཀའ་ངལ་ལ་གདོང་གཏུག་ཕོད་པ་དང་སྔོན་ལ་སྒྲིག་ལམ་གསལ་པོ་བཟོ་བ་དང་རྗེས་སུ་དོན་འཁྱོལ་ནན་པོ་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ནོར་འཁྲུལ་ཡོ་བསྲང་ཕོད་པར་བྱེད་དགོས། ལྷག་པར་དུ་ན་གཞོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོ་ལས་བྱེད་པའི་དཔུང་ཁག་ནང་ཞུགས་ཉིན་ནས་བཟུང་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་གལ་ཆེའི་རང་བཞིན་དང་གཟབ་ནན་རང་བཞིན་ཤེས་པ་དང་གཅུན་སྡོམ་བྱེད་པའི་ཁོར་ཡུག་འོག་ལས་ཀ་བྱེད་པའི་གོམས་གཤིས་དང་རང་རྟོགས་འཇགས་པར་བྱེད་དགོས།

སྤྱོད་ཚུལ་བཟང་པོ་ནི་ཉིན་མཚན་གཅིག་ལ་འཇགས་པ་ཞིག་མིན། རྒྱུན་གཏན་ནས་དམ་འཛིན་དང་། རེ་རེ་བཞིན་དམ་འཛིན་བྱེད་པ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་དང་དམ་འཛིན་ལྷོད་མེད་བྱས་ཚེ་གཞི་ནས་སྤྱོད་ཚུལ་རྒྱུན་ཆད་མེད་པར་གོམས་སྲོལ་དུ་འགྱུར་ནས་དུས་རབས་ཀྱི་སྲོལ་གསར་སྔར་བས་ཕུན་སུམ་ཚོགས་པར་འགྱུར་ཐུབ།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)