རང་རེའི་གྲོང་ཁྱེར་གྱིས“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025-04-22 10:10:00】

གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་10པ་འཆར་ཉེའི་མཚམས་སུ། ཟླ4ཚེས15ཉིན་གྱི་སྔ་དྲོར། རང་རེའི་གྲོང་ཁྱེར་གྱིས“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལོ་བཅུ་འཁོར་བ”བརྗོད་དོན་གཙོ་བོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོར་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་རྒྱལ་ཁབ་བདེ་འཇགས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཅཱ་ཤིན་ཡུས་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་སྤྱི་བདེ་ཅུད་ཀྱི་ཏང་ཨུད་ཧྲུའུ་ཅི་བཅས་ཡིན་པའི་ཤེར་ཝུན་ཀོང་སོགས་འགོ་ཁྲིད་བློ་མཐུན་བྱེད་སྒོར་ཞུགས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་དེ་ཆབ་མདོ་གྲོང་ཨུད་རྒྱལ་བདེ་གཞུང་ལས་ཁང་དང་ཁ་རུབ་ཆུས་ཨུད་རྒྱལ་བདེ་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྒྲིག་འཛུགས་བྱས་པ་དང་། སྡེ་ཚན་དང་ལས་ཁུངས་ཚན་པ50ལྷག་མཉམ་ཞུགས་བྱས་ཡོད་ལ། བཅིངས་འགྲོལ་ཐང་ཆེན་དང་ཇ་རྟའི་ཐང་ཆེན་དུ་གཅིག་སྡུད་དྲིལ་བསྒྲགས་ས་ཚིགས་བཙུགས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་གསལ་འགྲེལ་བྱེད་པ་སོགས་བརྒྱུད་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་དང་། གསང་ཉུལ་ལ་རྒོལ་བའི་བཅའ་ཁྲིམས། འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་དང་། རྒྱལ་ཁབ་ས་ཆའི་བདེ་འཇགས། རིག་གནས་ཀྱི་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ལ“རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་གྱིས་རང་རྟོགས་ངང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱས་ཡོད།