གསར་འགྱུར་སྤེལ་དུས། 【2025-06-06 09:30:00】
ཟླ་6ཚེས་1ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཙམ་ལ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དམུ་ཐ་ཤང་གི་དབྱར་རྩྭ་དགུན་འབུ་བརྐོ་སར་རི་ཉིལ་བའི་དོན་རྐྱེན་ཐོན་ཡོད། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་དམུ་ཐ་ཤང་གི་རི་ཉིལ་བའི་དོན་རྐྱེན་འཕྲལ་སྡོམ་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་6ཚེས་2ཉིན་གྱི་ཆུ་ཚོད་17ཙམ་བར། ད་ཐེངས་ཀྱི་རི་ཉིལ་བའི་དོན་རྐྱེན་ནང་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་7འབྲེལ་བ་ཆད་པ། གཞན་ཡང་མི་2ལ་རྨས་སྐྱོན་ཕོག་ནས་སྟེང་ཆེན་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་གནས་སྐབས་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད།
དོན་རྐྱེན་ཐོན་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་ཉེ་འཁོར་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་མ་ཟད། ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་མཆན་བཀོད་མཛུབ་སྟོན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་མཆན་བཀོད་མཛུབ་སྟོན་གནང་བ་རེད།
ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་གཞིར་བཟུང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་འཕྲལ་མར་བཀོད་སྒྲིག་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ལུའོ་ཆིང་ཝུའུ་འཕྲལ་མར་གནོད་འཚེ་ཐོན་སར་འཕྲལ་སྡོམ་གེགས་སེལ་གྱི་ལས་དོན་ལ་བཀོད་འདོམས་གནང་བར་ཕེབས་པ་རེད།
སྟེང་ཆེན་རྫོང་དམུ་ཐ་ཤང་དུ་རི་ཉིལ་བའི་དོན་རྐྱེན་ཐོན་རྗེས། ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་སྡོམ་གེགས་སེལ་བཀོད་འདོམས་པུའུ་བཙུགས་ནས་ས་གཤིས་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་དང་རང་བྱུང་གནོད་འཚེའི་རོགས་སྐྱོབ་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་དུས་ཐོག་ཏུ་བྱེད་འགོ་བཙུགས་པ་རེད། གནས་ཚུལ་གཏོང་སྤེལ་བྱས་པའི་བར་རིམ་རྩིས་བརྒྱབ་ན། གྲོང་ཁྱེར་ཡོངས་ཀྱིས་དོན་རྐྱེན་ཐོན་ཡུལ་དུ་གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱི་ཛ་དྲག་གེགས་སེལ་མ་དངུལ་སྒོར་ཁྲི་500བཏང་བ་དང་མྱུར་སྐྱོབ་རླངས་འཁོར་དང་།སྔོག་འདོན་འཕྲུལ་འཁོར། འཕྲིན་གཏོང་གློག་ཤུགས་འགན་སྲུང་སྒྲིག་ཆས་རླངས་འཁོར་སོགས་83མངགས་པ་དང་། རོགས་སྐྱོབ་པ་དང་སྨན་དོན་པ་སོགས་རོགས་སྐྱོབ་མི་སྣ་539མངགས་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་གནས་སྐབས་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱས་ཏེ་ཞོར་ཐོན་གནོད་འཚེ་མ་ཐོན་པར་བྱས་ནས་རོགས་སྐྱོབ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་དོན་རྐྱེན་ཐོན་སར་བསྐྱོད་པ་དང་། རང་བྱུང་ཐོན་ཁུངས་པུའུ་ཡིས་རིགས་གཅིག་མཁས་ཅན་གནོད་འཚེ་ཐོན་སར་མངགས་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་བཞིན་ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་གྱིས་རོགས་སྐྱོབ་དང་། ཁ་འགྲེམ། གནས་སྤོ། བཀོད་སྒྲིག་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་བཞིན་ཡོད།
གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། སྙན་ཞུ་འབྱོར་རྗེས་འཕྲལ་སྡོམ་དོ་དམ་པུའུ་ཡིས་བཀོད་སྒྲིག་བྱས་ནས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ལ་རྒྱུན་མཐུད་བཀོད་གཏོང་དང་མཛུབ་ཁྲིད་བྱས་པ་རེད། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་གཏོང་འགོ་བཙུགས་ནས་ལས་དོན་ཚོགས་ཆུང་མགྱོགས་ནས་མྱུར་དུ་གནོད་འཚེ་ཐོན་སར་མངགས་ཏེ་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད། རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རླངས་འཁོར་58དང་། མི་193 རྫི་ཁྱི་7བཅས་གནོད་འཚེ་ཐོན་སར་ཉེན་སེལ་རོགས་སྐྱོབ་ལ་མངགས་ཡོད་པ་རེད།