གསར་འགྱུར་སྤེལ་དུས། 【2025-06-10 10:25:00】
མཐོ་རྒྱུགས་གཏོང་སྐབས་གཤམ་གསལ་གྱི་དོན་དག་དེ་ཚོར་དོ་སྣང་གནང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན།
གཅིག རྒྱུགས་ཤོག་ལག་པར་རག་ཚར་བའི་རྗེས། དང་ཐོག་རང་གི་མིང་དང་ཡིག་རྒྱུགས་གཏོང་ཆོག་པའི་ལག་ཁྱེར་ཨང་གྲངས་སོགས་ཀྱི་ཆ་འཕྲིན་གསལ་པོར་འབྲི་དགོས།
གཉིས། ཡིག་རྒྱུགས་གཏོང་བའི་བརྒྱུད་རིམ་ནང་རྒྱུགས་གཞིའི་གོ་རིམ་ལྟར་ལན་འདེབས་དགོས། སྔོན་ལ་ལན་འདེབས་ཤེས་པ་དག་ལ་ལན་འདེབས་དགོས། གལ་སྲིད་ལན་གང་ཞིག་འདེབས་དགོས་མིན་མི་ཤེས་པའམ་ཐེ་ཚོམ་སྐྱེ་བའི་གནས་ཚུལ་འཕྲད་ཚེ། སྔོན་ལ་ལན་འདེབས་སླ་བ་དག་ལ་ལན་འདེབས་དགོས་པ་དང་། དེ་རྗེས་ལན་འདེབས་ཁག་པ་དག་ལ་ལན་འདེབས་དགོས། དེ་ལྟར་བྱས་ཚེ། ཡིག་རྒྱུགས་གཏོང་བའི་དུས་ཚོད་གྲོན་ཆུང་བྱེད་ཐུབ།
གསུམ། སེམས་རྣལ་དུ་ཕབ་ནས་ཡིག་རྒྱུགས་གཏོང་དགོས། རྒྱུགས་ལེན་སློབ་མ་ཚོ་རྒྱུགས་རའི་ནང་འཛུལ་རྗེས། ཁོར་ཡུག་ལ་རྒྱུས་ལོན་བྱས་ཏེ་སེམས་པ་ལྷོད་ལྷོད་དང་བློ་རྩེ་གཅིག་སྒྲིམ་གྱིས་རྒྱུགས་ལན་འདེབས་དགོས།
བཞི། རྒྱུགས་ལན་འདེབས་སྐབས་ཤོག་ངོས་གཙང་མ་དགོས་པ་དང་། བྲིས་པའི་ཡི་གེ་དག་ཁམས་གཙང་ལ་ནག་སུབ་མེད་པ་ཞིག་ཡིན་དགོས།
ལྔ། རྒྱུགས་ཤོག་ནང་དྲི་བ་ཁ་མི་གསལ་བ་སོགས་ཀྱི་དོགས་སློང་བྱུང་ཚེ། འཕྲལ་དུ་ཡིག་རྒྱུགས་ལྟ་སྐུལ་དགེ་རྒན་ལ་བཀའ་འདྲི་ཞུ་དགོས།
དྲུག མཐོ་རྒྱུགས་ནི་གདམ་གསེས་རང་བཞིན་གྱི་ཡིག་རྒྱུགས་ཤིག་ཡིན་པས། རྒྱུགས་གཞིའི་ནང་དོན་ལ་ལན་འདེབས་དཀའ་བ་དང་འདེབས་སླ་བའི་ཁྱད་པར་ངེས་ཅན་ཞིག་ཡོད། ཡིག་རྒྱུགས་གཏོང་སྐབས་ལན་འདེབས་མི་ཐུབ་པའམ་ཡང་ན་ལན་འདེབས་ནོར་ཤོར་བའི་གནས་ཚུལ་ཐོན་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། དེ་བས་ཀྱང་བཏབ་ཚར་བའི་རྒྱུགས་ལན་དེ་ནི་འཕངས་ཚར་བའི་མདའ་མོ་དང་འདྲ་བ་ཚུར་ལོག་ཤོག་ཟེར་ཐབས་བྲལ་བས། རྒྱུགས་ལེན་སློབ་མ་ཚོས་ཡིག་རྒྱུགས་བཏང་ཚར་བའི་རྗེས་དེ་དོན་དུ་བློ་མི་བདེ་བ་དང་ཡིད་མུག་པ་སོགས་བྱེད་མི་དགོས། ཡིག་རྒྱུགས་སྔོན་མ་བཏང་ཚར་རྗེས་ཡིག་རྒྱུགས་རྗེས་མ་གྲ་སྒྲིག་ཧུར་ཐག་བྱེད་དགོས་པ་དང་། རྒྱུགས་ར་ནས་ཕྱིར་ཐོན་རྗེས། ཡིག་རྒྱུགས་སྔོན་མའི་རྒྱུགས་ལན་སྐོར་ལ་སློབ་མ་ཕན་ཚུན་དབར་གྲོས་བསྡུར་བྱེད་དགོས་དོན་མེད། རྒྱུ་མཚན་ནི་དྲིས་ལན་གང་ཡིན་རྩད་གཅོད་བཏང་བ་དེས་རྒྱུགས་གྲངས་ལ་ཕན་ཐོགས་རྒྱུ་ལྟ་ཞོག། དེ་ལས་ལྡོག་ཏེ་རྒྱུགས་ལེན་སློབ་མའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་ནས་ཡིག་རྒྱུགས་རྗེས་མ་དེར་གནོད་སྐྱེལ་སྲིད་པས། རྒྱུགས་ལེན་སློབ་མས་ཡིག་རྒྱུགས་བཏང་ཚར་རྗེས་རྒྱུགས་ལན་གང་ཡིན་རྩད་གཅོད་བྱེད་པའི་གོམས་གཤིས་སྤོང་དགོས་པ་བཅས་སོ།
ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར།