རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ལྷུན་གྲུབ་ཀྱིས་བརྗོད་དོན།

ཉེན་རྟོག་པ་ཞིག་བྱེད་པའི་བསམ་འདུན་གྲུབ་སོང་། ངས་མུ་མཐུད་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན།

གསར་འགྱུར་སྤེལ་དུས།  【2025-06-10 10:25:00】

ལྷུན་གྲུབ་ཅེས་པ་སུ་ཡིན་ནམ། ཁོང་ནི་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་རིམ་བཞིའི་ལས་རོགས་ཉེན་རྟོག་པ་རེད། 1989ལོར་དིང་རི་རྫོང་གྲམ་མཚོ་ཤང་བྱང་དཀར་གྲོང་ཚོར་སྐྱེས་པ་དང་། 2012ལོར་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་ལས་རོགས་ཉེན་རྟོག་པར་རྒྱུགས་འཕྲོད་ནས་འགྲིམ་འགྲུལ་དོ་དམ་རུ་ཆེན་དུ་ལས་ཀ་བྱས། 2025ལོར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཁོང་ལ་རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ཁག་བཅུ་པའི་མཚན་སྙན་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་པའི་བྱ་དགའ་སྤྲད།

དིང་རིར་ས་ཡོམ་བརྒྱབ་རྗེས། མི་རྣམས་ཀྱིས་ཡོམ་འགོག་གེགས་སེལ་གྱི་ས་ཡུལ་དངོས་སུ་ལས་ཀ་ཧུར་ཐག་བྱེད་མཁན་གྱི་ལྷུན་གྲུབ་སེམས་ལ་ངེས་ཡོད། ཁོང་ནི་ལྷག་བསམ་རྣམ་དག་ངང་ལས་གནས་བརྟན་སྲུང་དང་ལེགས་སྐྱེས་འབུལ་བར་དགའ་བའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་ཞིག་རེད།

2013ལོར་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་དོ་དམ་ལས་གནས་སུ་གཞི་ཚུགས་པའི་བོད་རིགས་ཕོ་རྒོད་དེས་ལག་པའི་ནང་གི་ལས་སྒྲུབ་ཟིན་དེབ་ཁ་ཕྱེ། ཟིན་དེབ་ནང་ཁོང་གིས་ལོ་12རིང་རྒྱལ་ལམ་དུ་ལས་འགན་བསྒྲུབས་པའི་གནས་ཚུལ་བཀོད་ཡོད། 2018ལོའི་ཟླ་11པར། ཇོ་མོ་གླང་མའི་རྒྱུད་ཀྱི་ཁུག་ཆ་མང་བའི་གཞུང་ལམ་108ཀྱི་ལམ་རྒྱུད་དུ་སྐྱོད་སྐབས། རྒྱ་ནག་ནས་ཡོང་བའི་སྐུ་ཞབས་ཏེང་ལགས་ཀྱི་རླངས་འཁོར་གྱི་འཁོར་ལོ་རྡོལ་བ་དང་ལ་དུག་ཆེན་པོ་བརྒྱབ་ནས་ངོ་མདངས་སྐྱ་ཐལ་ཆགས་པ་དང་མཆུ་ཏོ་སྨུག་པོར་གྱུར་ནས་རླངས་འཁོར་ནང་ལུས་པའི་བཀའ་འབྱོར་མ་ཐག ལྷུན་གྲུབ་ཀྱིས་གནས་ཚུལ་ཐོན་སར་བསྐྱོད་དེ་མྱུར་སྐྱོབ་བྱས་པ་མ་ཟད། སྐུ་ཞབས་ཏེང་ལགས་ཀྱི་རླངས་འཁོར་གྱི་འཁོར་ལོ་བརྗེས་ནས་རི་གཤམ་དུ་བསྐྱལ། ཉིན་གཉིས་པར་དྲག་སྐྱེད་བྱུང་བའི་སྐུ་ཞབས་ཏེང་ལགས་ཀྱིས་ལྷུན་གྲུབ་ཀྱི་ལག་ནས་འཇུས་ཏེ“གྲོགས་པོ་ལགས། ཁྱེད་ཀྱིས་ངའི་སྲོག་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།

དིང་རི་རྫོང་གི་གཞུང་ལམ་ཡག་པོ་མེད་པ་དང་ལྷག་པར་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་འགྲིམ་འགྲུལ་གྱི་གནོན་ཤུགས་ཆེ་ཙམ་ཡོད། ལོ་མང་རིང་ལྷུན་གྲུབ་ཀྱིས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལམ་མདོར་འགྲིམ་འགྲུལ་བཀོད་འདོམས་བྱས་ནས་རླངས་འཁོར་གོ་རིམ་ལྡན་པའི་ངང་སྐྱོད་ཐུབ་པ་བྱེད་པ་མ་ཟད། ཡུལ་སྐོར་བ་དང་མང་ཚོགས་མང་པོར་རོགས་སྐྱོབ་བྱེད་མྱོང་ཡོད།

དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱི་ཉེན་རྟོག་པ་དབང་ཆེན་ཚེ་རིང་གིས“རྒྱུན་དུ་ཁོང་ལས་གནས་ཐོག་ཨང་དང་པོར་སླེབས་ཀྱི་ཡོད། རླངས་འཁོར་ཤར་གཏོང་ཐུབ་པར་ཁྲིད་སྟོན་དང་སྒེར་འཁོར་གཏོང་མཁན་ཡུལ་སྐོར་བར་རོགས་རམ་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། ཁོང་ནི་རང་འཁྲིའི་ལས་ཀ་ཧུར་ཐག་སྒྲུབ་མཁན་ཞིག་རེད”ཅེས་བཤད།

ཐེངས་ཤིག་ལྷུན་གྲུབ་ཕ་ཡུལ་དུ་ཕ་མ་གཉིས་ལ་ལྟ་བར་སྐྱོད་སྐབས་་གྲམ་སོ་ཤང་དུ་ཚོང་ཁང་ཆུང་ཆུང་ཞིག་ལ་མེ་སྐྱོན་ཐོན་པ་མཐོང་། སྐབས་དེ་དུས་ཡུལ་མི་ཚང་མ་ཚོགས་འདུར་བསྐྱོད་པ་དང་སྐབས་འཁེལ་ནས་ས་ཡུལ་དངོས་སུ་རོགས་པ་བྱེད་མཁན་མེད། རྡིབ་ཟིན་པའི་ཁང་པ་ནས་སྦུག་ལ་ལྟ་སྐབས། སོལ་རླངས་ཀྱི་དམ་བི་རིལ་ནས་ཁེབས་གཅོད་མེད་པ་མཐོང་འཕྲལ་ཁོང་གིས་སྲོག་ཉེན་ལ་མ་འཛེམས་པར་ནང་དུ་འཛུལ་ནས་མི་བཞི་བསྐྱབས། འོན་ཀྱང་ཁང་པའི་གདུང་མ་ཟགས་ནས་ཁོང་ལ་རྨས་སྐྱོན་ཕོག་པ་མ་ཟད་ངོ་གདོང་ཡང་འཚིག ཕྱིས་སུ་ལམ་དེར་སྐྱོད་མཁན་མང་ཚོགས་ཀྱིས་ཁོང་མཐོང་ནས་གཞིས་རྩེ་གྲོང་ཁྱེར་བརྒྱད་གཅིག་སྨན་ཁང་དུ་བསྐྱལ།

ལྷུན་གྲུབ་ཀྱིས་ཆུང་དུས་ནས་ང་ཉེན་རྟོག་པ་ཞིག་བྱེད་རྒྱུའི་ཕུགས་བསམ་ཡོད། ཕྱིས་སུ་ལས་རོགས་ཉེན་རྟོག་པ་བྱ་རྒྱུ་བྱུང་བས་ངའི་བསམ་འདུན་གྲུབ་སོང་། ངས་མུ་མཐུད་ལས་ཀ་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བཤད།

ད་ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་གློ་བུར་དུ་ས་ཡོམ་རིམ་པ་6.8བརྒྱབ་ཅིང་། ལྷུན་གྲུབ་ཀྱིས་འཕྲལ་དུ་རླངས་འཁོར་བཏང་ནས་སྒྱུག་མོའི་ཁྱིམ་གནས་སའི་གྲམ་སོ་ཤང་མགུ་རིང་གྲོང་ཚོར་བསྐྱོད། སྒྱུག་མོའི་ཁང་པ་ལོག་ནས་ཕྲུ་གུ་ཞིག་རོའི་ཁྲོད་ལུས་པ་ཤེས་འཕྲལ་ལྷུན་གྲུབ་དང་གྲོང་མི་ཚོས་ཞིག་རོ་སྦར་འདྲུས་བྱས་ནས་ཕྲུ་གུ་སྐྱོབ་གང་ཐུབ་བྱས་ཀྱང་མཐར་ཕྲུ་གུ་གཉིས་སྐྱོབ་ཐུབ་མེད།

ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་གཉིས་པར་ལྷུན་གྲུབ་ཀྱིས་སྐྱོ་སྣང་བཟོད་བཞིན་དུ་ཕྲུ་གུའི་སྐུ་ཕུང་ཕའི་ཁྱིམ་དུ་བསྐྱལ་ནས་རྗེས་མཇུག་ཡག་པོ་བྱེད་རོགས་ཞེས་མངགས་རྗེས་སླར་ཡང་མགུ་རིང་གྲོང་ཚོར་ལོག

ལུས་ལ་ཐལ་རྡུལ་གྱིས་ཁེངས་པ་དང་མིག་རྩ་དམར་པོ་ཆགས། ལྷུན་གྲུབ་ཀྱིས་ཉིན་ལྟར་མི་སྣ་འཚོལ་སྐྱོབ་དང་། ཞིག་རོ་གཙང་བཟོ། མང་ཚོགས་ལ་སེམས་གསོ་གཏོང་བ། དངོས་ཟོག་དབོར་བ། བདེ་འཇགས་སྐོར་གཡེང་། རླངས་འཁོར་ཤར་གཏོང་ཐུབ་པར་ཁྲིད་སྟོན་བཅས་ཀྱི་ལས་ལ་ཧུར་ཐག་གཞོལ་ནས་རང་ཉིད་ཀྱི་སྐྱོ་སྣང་བརྗེད་ཐབས་བྱེད་ཀྱི་ཡོད།

དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེ་ཚེ་བརྟན་གྱིས“ཁོང་གཉིད་ཡག་པོ་ཁུག་པ་མཐོང་མ་མྱོང་ལ། ལྟོ་ཡང་དེ་ཙམ་ཟ་གི་མི་འདུག ཐོ་རེངས་ཆུ་ཚོད་གཉིས་པ་གསུམ་པར་ཚང་མ་ལས་ཀ་ཚར་ནས་གུར་དུ་ངལ་གསོ་བར་ལོག་སྐབས། ཁོང་ཕྲུ་གུ་དྲན་ཐག་ཆོད་དེ་ཟུར་དུ་ངུས་ནས་སྡོད་ཀྱི་འདུག”ཅེས་བཤད།

ཡོམ་འགོག་གེགས་སེལ་ནང་ཁོང་གིས་ས་ཡོམ་དང་། མེ་སྐྱོན། འདམ་རྡོའི་ཆུ་རུད་སོགས་རོགས་སྐྱོབ་ལས་དོན་ནང་ཞུགས་རྒྱུའི་རེ་ཞུ་ཐེངས་ལྔ་ཙམ་ཕུལ་ཞིང་། རླངས་འཁོར་ག་ཚོད་བསྐྱབས་པ་དང་མང་ཚོགས་ག་ཚོད་ལ་རོགས་པ་བྱས་མིན་ཁོང་ལའང་གསལ་པོ་ཤོད་རྒྱུ་མེད།

ལས་ཀར་ཞུགས་པ་ནས་བཟུང་གི་ཉིན་མཚན་4000ལྷག་ཙམ་རིང་། ཟིན་དེབ་ཐོག་ཁོང་གིས་ལས་ཀའི་གནས་ཚུལ་བཀོད་ཡོད་ཅིང་། བརྗིད་ཆགས་ཇོ་མོ་གླང་མས་གེགས་རྗེས་ཀྱི་སླར་གསོར་དཔང་པོ་བྱེད་ལ་ལྷུན་གྲུབ་ཀྱི་མི་ཚེའི་ལམ་བུ་ད་དུང་ཧ་ཅང་རིང་།