གུར་གྱི་སྐར་ཚོམ་བཀྲ གནས་སྐབས་ཁྱིམ་གཞིས་སྐྱིད།—— སྟེང་ཆེན་རྫོང་དམུ་ཐ་ཤང་གི་རི་ཉིལ་སའི་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2025-06-13 10:30:00】

མང་ཚོགས་ལ་འཚོ་བའི་དངོས་ཟོག་སྤྲད་པ།

ཟླ་6ཚེས་1ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཡོལ་ཙམ་ལ། སྟེང་ཆེན་རྫོང་དམུ་ཐ་ཤང་གཡམ་ཐ་གྲོང་ཚོའི་བྱ་གཞོང་ལུང་ཤུར་དུ་གློ་བུར་དུ་རི་ཉིལ་ཞིང་། ས་གནས་ས་ཐོག་ཏུ་ཐོག་མར་བརྟག་དཔྱད་བྱས་པར་གཞིགས་ན། རི་ཉིལ་ཚད་སྨི་ངོས་གྲུ་ཁྲི་20ཙམ་ཟིན་ཡོད།

དུས་ཚོད་ནི་ཡོད་ཚད་ཡིན་པས་རོགས་སྐྱོབ་ལས་དོན་སྐར་ཆ་ཙམ་ཡང་ནར་འགྱངས་བྱེད་མི་རུང་། རི་ཉིལ་བའི་དོན་རྐྱེན་ཐོན་རྗེས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་ཉེ་འཁོར་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་མ་ཟད། ཞོར་ཐོན་གནོད་འཚེ་མ་བྱུང་སྔོན་འགོག་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད། དེས་ན་ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་མར་འཕྲལ་སྡོམ་གེགས་སེལ་བཀོད་འདོམས་པུའུ་བཙུགས་ནས་ས་གཤིས་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་དང་རང་བྱུང་གནོད་འཚེའི་རོགས་སྐྱོབ་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཤིང་། རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་ཀྱིས་དང་ལེན་མགྱོགས་མྱུར་བྱས་པ་དང་ས་གནས་ས་ཐོག་ཏུ་མགྱོཌ་མྱུར་བསྐྱོད་དེ། དེ་གའི་མང་ཚོགས་གནས་ཚུལ་ཐོན་ས་དང་སྤྱི་ལེ་5ཆོད་པའི་ས་ཁོད་སྙོམས་ཤིང་རྒྱ་ཆེ་བའི་ཆར་མདའ་བཀོད་སྒྲིག་བྱ་ཡུལ་དུ་མྱུར་དུ་སྤོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་ལས་དོན་ཡང་སྤེལ་ཡོད། དེ་དང་ཆབས་ཅིག་འཕྲལ་སྡོམ་དོ་དམ་པུའུ་དང་རང་བྱུང་ཐོན་ཁུངས་པུའུ་སོགས་ཀྱིས་རོགས་སྐྱོབ་སྟོབས་ཤུགས་ས་གནས་ས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ་བྱེད་པར་བཏང་ཡོད།

བཀོད་སྒྲིག་བྱ་ཡུལ་དུ་མང་ཚོགས་ཀྱིས་གུར་གྱི་བར་གསེང་ནས་ཕར་འགྲོ་ཚུར་འོང་བྱེད་པ་དང་འདམ་རྫབ་ཁྲོད་དུ་རྐང་རྗེས་ཀྱིས་ཁེངས་པ་ལས་དེ་གའི་བྲེལ་འཚུབ་ཀྱི་རྣམ་པ་མངོན། གུར་ནང་དུ་འཛུལ་སྐབས་ཚ་སོབ་སོབ་ཀྱི་མེ་དྲོད་ཀྱིས་གྲང་ངད་ཀྱི་ཚོར་སྣང་ཕར་ལ་བསྐྲད། དངོས་ཟོག་དབོར་འདྲེན་བྱེད་མཁན་ལིའུ་ཧོ་ཧྲན་ཡང་དབོར་འདྲེན་དཔུང་ཁག་ནང་དུ་ཡོད། ཁོང་ནི་བརྡ་ཐོ་འབྱོར་རྗེས་ལས་རོགས་དང་མཉམ་དུ་རང་འགུལ་ངང་མིང་ཐོ་བཀོད་ནས་ཡོང་བ་ཞིག་རེད། ཁོང་ཚོས་ཉིན་མཚན་མེད་པར་དངོས་ཟོག་བླུགས་པའི་རླངས་འཁོར་བཏང་སྟེ་སྟེང་ཆེན་རྫོང་གྲོང་ནས་ཉེན་སེལ་རོགས་སྐྱོབ་ཀྱི་འཐབ་ས་དང་པོར་ཡོང་དོན་ནི་དངོས་ཟོག་སྔ་ཙམ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྐྱེལ་ཆེད་རེད།

“ཚང་མས་གཟབ་གཟབ་བྱས་ནས་དབོར་རོགས། ས་མ་རུབ་གོང་ངེས་པར་དུ་དུད་ཚང་ཚང་མའི་མང་ཚོགས་ཀྱི་ལག་ཏུ་རག་པ་བྱེད་དགོས”ཞེས་ངོ་གདོང་ཉི་མས་འཚིགས་ནས་དམར་པོར་གྱུར་པ་དང་འཛེར་སྐད་རྒྱག་པའི་ལས་བྱེད་པ་ཞིག་གིས་ལག་པ་གཡུག་གཡུག་བྱས་ནས་བཀོད་འདོམས་བྱེད་ཀྱིན་དེ་ལྟར་བརྗོད། ཉེ་འགྲམ་གྱི་ལས་དོན་མི་སྣས་ང་ཚོར་སྐད་ཤུགས་ཆུང་ངུས་མིག་རྩ་དམར་པོར་གྱུར་པའི་གཞོན་ནུ་དེ་ནི་སེར་ཚ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཙེང་ཀྲི་རེད། ཁོང་གིས་བཀོད་སྒྲིག་བྱ་ཡུལ་གྱི་འགན་ཡང་ཁུར་གྱི་ཡོད། འདི་གར་བསྟུད་མར་ཉིན་མང་པོ་ལས་ཀ་བྱས་སོང་། གུར་ཕུབ་པ་དང་དངོས་ཟོག་དབོར་བ་ནས་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་པའི་བར་གྱི་ལས་ཀ་ཚང་མ་ཁོང་གིས་མཐའ་འཁྱོལ་བ་བྱས་སོང་ཞེས་བཤད།

ཁ་སྤྲོད་དུ་གུར་གཞན་ཞིག་ཡོད་པ་དེ་ནི་སྨན་པ་པ་སངས་དོན་གྲུབ་ཀྱི“སྒུལ་བདེའི་སྨན་བཅོས་ས་ཚིགས”རེད། གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་སྨན་བཅོས་ཚོགས་ཆུང་གི་ཁོངས་མི་ཡིན་པའི་ཁོང་གིས་མང་ཚོགས་ལ་སྨན་བཅོས་བྱེད་རོགས་བྱེད་པ་མ་ཟད། ད་དུང་མང་ཚོགས་ལ་སེམས་གསོ་བཏང་ནས་ཚང་མ་སེམས་ལྷོད་པོ་ཡོང་བར་བྱེད་ཀྱི་ཡོད། ཁོང་གིས“ང་ཚོའི་སྒུལ་བདེའི་སྨན་ཁང་གིས་སྨན་བཅོས་བྱས་པ་ཚང་མར་སྨན་རིན་སྤྲོད་དགོས་ཀྱི་མེད། ཚང་མར་མི་བདེ་བ་གང་ཞིག་བྱུང་ན་ང་འཚོལ་བར་ཡོང་ན་འགྲིག”ཅེས་བཤད་རྗེས། ཁོང་གིས་མིག་ནད་ཕོག་པའི་མང་ཚོགས་ཞིག་གུར་ནང་དུ་བསུས་ནས་བརྟག་དཔྱད་ཞིབ་ཚགས་བྱས།

བཀོད་སྒྲིག་བྱ་ཡུལ་གྱི་མི་རིང་བའི་སར་གློག་གཏོང་རླངས་འཁོར་དང་། འཕྲིན་གཏོང་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། སྐོར་སྐྱོད་སྣུམ་སྣོན་རླངས་འཁོར་སོགས་འགན་ལེན་རླངས་འཁོར་སྣ་ཚོགས་གྲལ་སྟར་བསྒྲིགས་ནས་བཞག་ཡོད། སྟོད་ཀོར་དམར་པོ་གྱོན་པའི་ཆབ་མདོ་གློག་འདོན་ཀུང་སིའི་གློག་ཤུགས་བཟོ་པས་གློག་ཆས་སྒལ་པར་ཁུར་བ་དང་ལག་ཏུ་གློག་སྐུད་འཁྱེར་ཏེ་གུར་གྱི་བར་གསེང་ནས་ཕར་འགྲོ་ཚུར་འོང་བྱས།

རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་རྒྱལ་མཚན་གྱིས“རི་ཉིལ་བ་ཤེས་རྗེས། ང་ཚོས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ནས་གློག་འདོན་འཕྲུལ་འཁོར་དང་གློག་སྒྲོན་རླངས་འཁོར་སོགས་སྒྲིག་ཆས་འཁྱེར་ནས་འདིར་ཡོང་ཏེ་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་པ་ཡིན”ཞེས་དང་རྗེས་སུ་ད་དུང་དངོས་ཟོག་དེ་བས་མང་བ་དབོར་ཡོང་རྒྱུ་ཡིན་པས་གློག་སྤྱོད་བདེ་འཇགས་ཡོང་བར་འགན་ལེན་ནུས་ལྡན་བྱེད་ཀྱི་ཡིན་ཞེས་བཤད།

བཀོད་སྒྲིག་བྱ་ཡུལ་ནས་མུ་མཐུད་རི་ཉིལ་སར་སྐྱོད་སྐབས་སྔོག་འདོན་འཕྲུལ་འཁོར་གྱི་འུར་སྒྲ་ལྡིར་ལྡིར་དུ་གྲགས་འོང་། ཁ་ལོ་བས་བྱང་གོམས་ཆེན་པོས་འཕྲུལ་འཁོར་བཏང་ནས་དེ་གར་རོགས་སྐྱོབ་ལས་དོན་སྤེལ་བཞིན་འདུག

“ད་ཐེངས་རི་ཉིལ་བ་ནི་དཔེ་མཚོན་གྱི་མཐོ་ས་ནས་རྒྱང་དུ་རི་ཉིལ་བ་ཞིག་ཡིན་པས་ད་དུང་འདམ་རྡོ་ཁག་གཅིག་རི་སྟེང་དུ་ལུས་ཡོད། རྨང་གཞི་བརྟན་པའི་རང་བཞིན་ཅུང་ཞན་པས་སླར་ཡང་ཉིལ་སྲིད”ཅེས་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཁྲེང་ཏུའུ་ས་གཤིས་བརྟག་དཔྱད་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་རིམ་པའི་མཐོ་རིམ་ལག་རྩལ་ཆེ་མོ་བ་ལི་ཙུང་ལེང་གིས་ས་གནས་ས་ཐོག་གི་གནས་ཚུལ་ངོ་སྤྲོད་བྱས།

“མིག་སྔར་རོགས་སྐྱོབ་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་དང་རི་ཉིལ་བའི་ཉེན་ཁ་ཆེ་བའི་ས་ཁོངས་ལ་ཉེན་ཟོན་ཁྱབ་ཁོངས་གཏན་འཁེལ་བྱས་ཡོད། ཆུ་འཁྱིལ་ས་ནས་ཆུ་ཁ་རྡོལ་བའི་ཉེན་ཁར་ཕྱོགས་ཡོངས་ནས་ཚོད་འཛིན་ཐུབ་པ་དང་གནོད་འཚེར་ཚོད་སྐོར་དང་རྗེས་མའི་ཐག་གཅོད་ཀྱི་ལས་དོན་ཁག་དུས་གཅིག་ཏུ་སྤེལ་བཞིན་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་ལུའོ་ཀྲང་གིས་བཤད།