བརྩེ་བ་ཟབ་མོས་བདེ་སྐྱིད་ཁུལ་ལ་དྲོད་ཁོལ་སྦྱིན་པ།

གསར་འགྱུར་སྤེལ་དུས།  【2025-07-08 10:45:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས2ཉིན་གྱི་ཕྱི་དྲོར། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་ཁག་བཅུ་པ་དང་ཆབ་མདོ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཟིགས་སྐྱོང་ཟབ་མོ་བསྣམས་ཏེ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་བདེ་སྐྱིད་སྡེ་ཁུལ་དུ་རིན་ཐང་སྒོར་ཁྲི5ལྷག་གི་འཚོ་བའི་དངོས་ཟོག་ཁག་དང་པོ་ཞལ་འདེབས་ཕུལ་བ་དང་། དངོས་ཡོད་བྱ་སྤྱོད་ཀྱི་ཐོག་ནས་ཧྥུའུ་ཅན་དང་བོད་ལྗོངས་ས་གནས་གཉིས་ཀྱི་བརྩེ་བ་ཟབ་མོ་བརྒྱུད་བསྒྲགས་དང་། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་འགྲོ་བར་རོགས་རམ་ཐུབ་ཡོད།

ཞལ་འདེབས་འབུལ་བའི་ཡུལ་དངོས་སུ། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་གི་རུ་མི་དང་། སྡེ་ཁུལ་གྱི་ལས་དོན་པ། རོགས་སྐྱོར་ཐོབ་པའི་མང་ཚོགས་ཀྱིས་བྱམས་བརྩེའི་གླེང་མོལ་བྱས་པའི་ཁར། ཁོ་ཚོའི་ཁྱིམ་ཚང་གི་གནས་ཚུལ་དང་། འཚོ་བའི་དཀའ་ངལ་དེ་བཞིན་འབྱུང་འགྱུར་གྱི་རེ་འདུན་བཅས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད།

བདེ་སྐྱིད་སྡེ་ཁུལ་གྱི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་གཙོ་ཝང་ཞའོ་ཕིང་གིས་རོགས་སྐྱོབ་ཐོབ་པའི་མང་ཚོགས་ཀྱི་ཚབ་ཞུས་ནས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་ཁག་བཅུ་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོ་མོས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་ཁག་བཅུ་པས་དུས་ཡུན་རིང་པོའི་ནང་ཁ་རུབ་ཆུས་དང་ལྷག་པར་དུབདེ་སྐྱིད་སྡེ་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བ་དང་། ཐེངས་འདིའི་ཞལ་འདེབས་ཕུལ་བའི་དངོས་ཟོག་དེ་དག་གིས་མིག་སྔར་དཀའ་ངལ་ཡོད་པའི་མང་ཚོགས་ཁག་ཅིག་གི་འཕྲལ་མཁོ་ཐག་གཅོད་ཐུབ་ཡོད་པའི་བསམ་པ་བསྟན། (ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)