ཆབ་མདོ་གྲོང་ཁྱེར་ཆོས་ལུགས་ཁྱབ་ཁོངས་ཀྱིས“མཐའ་འཁྱོངས་གསུམ”དམ་འཛིན་བྱ་གཞིར་བརྩིས་ཏེ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བ།

གསར་འགྱུར་སྤེལ་དུས།  【2025-07-11 09:00:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་འགོ་ཚུགས་པའི་ཚུན་དུ། ཆབ་མདོ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲོང་ཨུད་ཀྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་སྤྱིའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “མཐའ་འཁྱོངས་གསུམ”དམ་འཛིན་བྱ་གཞིར་བརྩིས་ཏེ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་བསྐྱོད་པར་སྐུལ་སྤེལ་བཏང་བས་ཕན་འབྲས་མངོན་གསལ་ཐོབ་ཡོད། མིག་སྔའི་བར། ཆོས་ལུགས་ཁྱབ་ཁོངས་སུ་འགྲན་སྡུར་ཁག་ཐེངས900སྤེལ་ཞིང་འགྲན་ཞུགས་གྲྭ་བཙུན་ཁྲི1ཟིན་པ་དང་། འགྲན་སྡུར་བྱེད་སྒོ་ཁག7ཁྱོན་ཡོངས་ལ་ཁྱབ་ཏེ་བྱ་དགའ་ཐོབ་པའི་མི་གྲངས800ཡས་མས་ལ་སླེབས་ཡོད།

ཆེ་ས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཀའི་འགན་འཁྲི་བཟོས་པ། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་འཁུར་ཏེ། 《ཆོས་ལུགས་ཁྱབ་ཁོངས་སུ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་ནས་དམིགས་ཚད་འགན་འཁྲི་དང་། ནང་དོན་གཙོ་བོ། བྱ་ཐབས་གོ་རིམ། ལས་ཀའི་བླང་བྱ་བཅས་ཁ་གསལ་བཟོས་པ་དང་། སྐུལ་སློང་བཀོད་སྒྲིག་ཚོགས་འདུ་དང་སྐུལ་འདེད་ཚོགས་འདུ་འཚོགས་ཏེ་ཉམས་མྱོང་དང་བྱེད་ཐབས་ལ་ཕྱོགས་བསྡོམས་དང་། གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད། ལས་ཀའི་ལས་འགན་བཀོད་སྒྲིག་བཅས་བྱས་ཡོད། རྫོང(ཆུས)ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་གྲོང་ཨུད་ཀྱི་སྤྱིའི་བྱེད་སྒོ་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། སོ་སོས་དོན་དངོས་དང་བསྟུན་ནས་བཟོས་པའི་ཞིབ་ཕྲའི་ཇུས་གཞི་དང་འབྲེལ་ནས་གཞི་རྟེན་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད།

བརྗོད་དོན་གཙོ་བོ་དམ་པོར་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ། དམར་མདངས་ཀྱི་ནང་དོན་ཆེ་རུ་བཏང་བ། རྫོང(ཆུས)ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་བསུ་བ་ཞུ་རྒྱུར་དམ་པོར་དམིགས་ཏེ། “སྔོན་ལ་གསོ་སྦྱོང་བྱེད་པ་དང་རྗེས་སུ་འགྲན་སྡུར་ལ་ཞུགས་པའི”བླང་བྱ་ལྟར། ཧུར་ཐག་སྒོས་དྲིལ་བསྒྲགས་པུའུ་དང་། འགྲིམ་འགྲུལ། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་། སྤྱི་བདེ། ཁྲིམས་འཛིན་བཅས་ཚན་པ་དང་མཐུན་སྦྱོར་བྱས་ཏེ་གསོ་སྦྱོང་དང་དེ་བཞིན་ལག་རྩལ་ཁྲིད་སྟོན་བྱས་པ་དང་། མུ་མཐུད་དུ་རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་དང་དེ་བཞིན་ཡིག་གཟུགས་འབྲི་བ་དང་། སྲོལ་རྒྱུན་ལག་རྩལ་དང་དེང་རབས་ལག་རྩལ་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

གླེང་ཕྱོགས་དྲིལ་བསྒྲགས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱེད་སྒོའི་རྣམ་པ་ཆེ་རུ་བཏང་བ། རྫོང(ཆུས)ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དགོན་སྡེ་དོ་དམ་ཨུ་ལྷན་ཁག་གིས་རྒྱང་བསྒྲགས་དང་། དྲ་རྒྱ། དྲིལ་བསྒྲགས་བྱང་བུ། LEDདྲིལ་བསྒྲགས་འཆར་ཤེལ་སོགས་གཞི་རྟེན་སྤྱད་དེ་ཆེད་དོན་དྲིལ་བསྒྲགས་དང་། ཁྱིམ་དུ་འཚམས་འདྲི། བཞུགས་མོལ་སྤེལ་རེས་སོགས་ཀྱི་རྣམ་པའི་ལམ་ནས་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ཞིབ་ཕྲའི་བླང་བྱ་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། རྒྱ་ཁྱབ་ངང་རྒྱལ་གཅེས་རིང་ལུགས་དང་། དཔའ་བོའི་མཛད་རྗེས། མི་རིགས་མཐུན་སྒྲིལ་སོགས་ཀྱི་གཏམ་རྒྱུད་བརྒྱུད་བསྒྲགས་བྱས་ཡོད། མིག་སྔར། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་གཅིག་སྡུད་སྒྲོག་འགྲེལ་ཐེངས300སྤེལ་བ་དང་གྲྭ་བཙུན6000ཡས་མས་ཞུགས་པ་དེས་བྱེད་སྒོ་ལེགས་གྲུབ་ངང་སྤེལ་བར་སྤྱི་ཚོགས་ཀྱི་གླེང་ཕྱོགས་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད།

(ཟླ་བ་གཡང་སྐྱིད་ཀྱིས་བསྒྱུར)