གསར་འགྱུར་སྤེལ་དུས། 【2026-04-24 10:50:00】
དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྐབས། “མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ། ‘ཞུ་འབྱོར་འཕྲལ་སྒྲུབ’སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱོད་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས”ཞེས་གསུངས་པ་རེད།
གྲོང་ཁྱེར་ནི་དེང་རབས་ཅན་གྱི་གཞི་རྟེན་གལ་ཆེན་ཞིག་དང་། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཡིན་ཞིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་སྒྱུར་བར་སྐུལ་འདེད་བཏང་ནས་གསར་གཏོད་དང་། གནས་འཕྲོད། མཛེས་ལྡན། མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་བཏོན་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 2015ལོར་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གསར་གཏོད་རང་བཞིན་གྱི་སྒོ་ནས“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་བཏོན་གནང་བ་ནས་2025ལོར་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་དགོས”ཞེས་ནན་བཤད་གནང་བའི་བར་དང་། 2019ལོར་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་། དམངས་ལ་ཕན་པ་སྐྲུན་པ། དམངས་སེམས་བདེ་ལ་འཁོད་པ་བཅས་ལ་གཞི་ཚུགས་དགོས”ཞེས་ནན་བཤད་གནང་བའི་བར་སོགས་སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་མང་ཚོགས་གྲོང་ཁྱེར་དུ་འཚོ་བ་སྐྱིད་པོ་ཡོད་མེད་དང་སྟབས་བདེ་ཡོད་མེད་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་གི་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ལ། དུས་བསྟུན་འཕེལ་རྒྱས་ཀྱང་བྱུང་ཡོད། “དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས”ཞེས་པས་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད་པ་རེད།
2025ལོར་འཚོགས་པའི་ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་ཐོག་གྲོང་ཁྱེར་ལས་དོན་གྱི་ཕྱོགས་7ཐད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་སྟེ། དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སུ་གཏོང་བར་ཤུགས་རྒྱག་པ་དང་། གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་སྐྲུན་པར་ཤུགས་རྒྱག་པ། སྐྱིད་སྣང་དོད་ལ་སྟབས་བདེ་བའི་གནས་འཕྲོད་གྲོང་ཁྱེར་སྐྲུན་པར་ཤུགས་རྒྱག་པ། ལྗང་མདོག་ཐཱན་ཉུང་གི་མཛེས་ལྡན་གྲོང་ཁྱེར་སྐྲུན་པར་ཤུགས་རྒྱག་པ། བདེ་འཇགས་བློས་འགེལ་གྱི་མཉེན་ལྡན་གྲོང་ཁྱེར་སྐྲུན་པར་ཤུགས་རྒྱག་པ། བཟང་བཀུར་དགེ་ཕྱོགས་ཀྱི་ཤེས་དཔལ་གྲོང་ཁྱེར་སྐྲུན་པར་ཤུགས་རྒྱག་པ། སྟབས་བདེ་ལ་ནུས་ཆེའི་རིག་ལྡན་གྲོང་ཁྱེར་སྐྲུན་པར་ཤུགས་རྒྱག་པ་བཅས་རེད།
ཀྲུང་གོའི་རྒྱལ་བབ་ལ་གཞི་ཚུགས་ནས་ཀྲུང་གོའི་ཁྱད་ཆོས་མཐའ་འཁྱོངས་བྱེད་དགོས་ཤིང་། “ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ”ནས“ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་སྐྱོད་པའི”བར་འགྱུར་བ་མེད་པ་ནི“ཀྲུང་གོའི་ཁྱད་ཆོས”རེད། འདི་ནི་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། གྲོང་ཁྱེར་ལས་དོན་ཁྲོད་ཀྱི“ཟུང་འབྲེལ་གཉིས”ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ང་ཚོའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་ཕྱི་རྒྱལ་གྱི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་དགོས་མོད། འོན་ཀྱང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདོར་མི་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཨར་སྐྲུན་ཇུས་འགོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རང་རྒྱལ་གྱི་གྲོང་ཁྱེར་ཨར་སྐྲུན་ལས་ཀྲུང་ཧྭའི་མཛེས་རིག་དང་དུས་རབས་ཀྱི་དར་སྲོལ་དེ་བས་མངོན་པར་བྱེད་དགོས་པའི”ནན་བཤད་གནང་བ་རེད།
ཚན་རིག་དང་མཐུན་པའི་བྱ་ཐབས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རང་རྒྱལ་ལ་གྲོང་ཁྱེར་690ལྷག་ཙམ་ཡོད་པ་དེ་དག་གི་རང་བྱུང་ཐོན་ཁུངས་ལ་ཁྱད་པར་ཆེ་བ་དང་། གཙོ་རྒྱུའི་ལྷན་སྐྱེས་ནུས་པ་འདྲ་མིན་སྣ་ཚོགས། རིག་གནས་ཀྱི་ཁྱད་ཆོས་མི་འདྲ་བཅས་ཡོད། རང་རང་སོ་སོའི་ལེགས་ཆ་ཆེ་རུ་བཏང་སྟེ་ཧེ་བག་ཁྲོད་ནས་ངེས་གནས་གནད་སྨིན་བཙལ་ཚེ། གཞི་ནས་འཚམ་ཞིང་འཕྲོད་པའི་ས་རྒྱུར་ས་བོན་བཏབ་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཉིད་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་ཐུབ། ཀྲེ་ཅང་དུ་ཕྱག་ལས་གནང་རིང་། བློ་མཐུན་ཞི་ཅིན་ཕིང་གིས་དུས་ཚོད་མང་པོ་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ཏུ་བརྟག་ཞིབ་གནང་བར་ཕེབས་ནས་གཟིགས་རྒྱང་རིང་པོ་དང་བསམ་གཞིག་ཞིབ་ཚགས་གནང་སྟེ། ཀྲེ་ཅང་གིས་གྲོང་ཁྱེར་ཅན་གསར་པར་སྐུལ་འདེད་གཏོང་བར་བསམ་ཕྱོགས་ཁ་གསལ་དང་། ཁ་ཕྱོགས་གསལ་སྟོན། འཆར་གཞི་འགོད་པ་བཅས་གནང་བ་རེད།