རིན་ཆེན་སྒྲོལ་མ།རྩལ་ནུས་བདམས་ཐོན་པ་ཞིག་ནས་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ།

གསར་འགྱུར་སྤེལ་དུས།  【2026-06-05 09:00:00】

ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་མཆོད་རྟེན་ཤང་གི་བུད་མེད་དཀྱུས་མ་འདིས་རང་ཉིད་འགྲན་བསྡུར་ཞིག་ལ་ཞུགས་རིང་སྦྱངས་པའི་ཉལ་ཆས་བསྡུ་སྟངས་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་10ཟིན་པའི་དམངས་སྲོལ་གནས་ཚང་གི་སྦྱིན་བདག་ཞིག་ཏུ་འགྱུར་བ་མ་ཟད་ཡུལ་མི་ཚོར་མགྲོན་ཁང་གི་ཞབས་ཞུ་དང་བོད་ཟས་གཡོས་སྦྱོར་བྱེད་སྟངས་སློབ་རྒྱུ་ཡོང་བསམ་པ་ག་ལ་དྲན།

གཏམ་རྒྱུད་འདི་ནི་མཆོད་རྟེན་ཤང་གི་རྩལ་ནུས་གསོ་སྦྱོང་སློབ་ཁང་ནས་འགོ་ཚུགས་ཡོད།

རིན་ཆེན་སྒྲོལ་མ་ནི་གསོ་སྦྱོང་འཛིན་གྲྭའི་སྡུག་རུས་ཆེ་ཤོས་ཀྱི་སློབ་མ་ཞིག་ཡིན་ཞིང་། ཉལ་ཆས་བསྡུ་སྟངས་དང་། རས་གདན་འདིང་བ་སོགས་ཁོང་གིས་ལས་དོན་ཆུང་ཙག་གང་ལ་ཡང་ཧོལ་རྒྱུག་གཏན་ནས་གཏོང་གི་མེད། དེར་བརྟེན། ཁོང་གི་བྱེད་སྟངས་འདི་དག་ཁོ་མོ་སྔར་ལས་ཡངས་པའི་ལམ་དུ་སྐྱོད་པའི་འགོ་ཚུགས་ས་ཞིག་ཏུ་གྱུར།

ཆུ་ཚོད་200ལྷག་ཙམ་དཀའ་སྤྱད་སྙིང་རུས་ཀྱིས་སྦྱོང་བརྡར་བྱས་པ་བརྒྱུད། ཁོང་ལ་སྨར་ཁམས་རྫོང་གི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་འགྲན་བསྡུར་སྐབས་དང་པོའི་མགྲོན་ཁང་ཞབས་ཞུའི་རྣམ་གྲངས་ཁྲོད་ཨང་གསུམ་པ་ཐོབ་ཅིང་། འགྲན་བསྡུར་དེ་ནི་སྐར་ཁུང་ཞིག་དང་འདྲ་བར་རྩལ་ནུས་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པ་ཁོང་གིས་ཤེས་ཡོད།

མཆོད་རྟེན་ཤང་ཏང་ཨུད་དང་སྲིད་གཞུང་གིས་གོ་སྐབས་འདི་དམ་འཛིན་བྱས་ནས་རྩལ་ནུས་འགྲན་བསྡུར་དེ་ཚད་བརྒལ་སར་བྱས་ཏེ་རིན་ཆེན་སྒྲོལ་མ་དང་འདྲ་བའི་གྲོང་གསེབ་བུད་མེད་ཀྱི་སྟོབས་ཤུགས་དག་སྔོག་འདོན་ཧུར་ཐག་བྱས།

ཁོང་ཚོས་ཆེད་དོན་ཚན་ཁག་བཙུགས་ནས་མཐིལ་རྟོགས་གྲལ་བཤེར་དང་། སྒོ་རྩར་བསྐྱོད་ནས་སྐུལ་སློང་། བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བཅས་སྣ་འདུས་ཐབས་བཟང་སྤྱད་པ་བརྒྱུད། ཤང་ཡོངས་ཀྱི་མང་ཚོགས་80ལྷག་ཙམ་མགྲོན་ཁང་གི་ཞབས་ཞུ་དང་བོད་ཟས་གཡོས་སྦྱོར་སོགས་ཀྱི་གསོ་སྦྱོང་ནང་ཞུགས་པ་དང་། འགྲན་ཞུགས་པ་85%ལྷག་ཙམ་གྱིས་རྩལ་ནུས་འགྲན་བསྡུར་ལ་ཞུགས་པ་བརྒྱུད་རང་ཉིད་ཀྱི་རྩལ་ནུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཕྱིས་འབྱུང་གི་ལས་ཞུགས་ལས་གཏོད་ལ་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་སོང་ཞེས་བཤད།

འགྲན་བསྡུར་མཇུག་འགྲིལ་རྗེས། ཞིང་ཆེན་རིམ་པའི་གཞུང་ལམ་521གི་རོང་མེ་ནས་མཆོད་རྟེན་བར་གྱི་ལམ་དུམ་ཤར་གཏོང་ཐུབ་ལ་ཉེ་བས། ཁོང་གིས་དེ་གར་ཡུལ་སྐོར་ལས་རིགས་ཀྱི་ཚོང་ལས་ལ་གོ་སྐབས་ཡོད་པ་ཚོར།

གྲོང་སྡོད་ལས་དོན་རུ་ཁག་དང་ཤང་དཔལ་འབྱོར་གསར་སྤེལ་གཞུང་དོན་ཁང་གི་བརྒྱུད་རིམ་ཧྲིལ་པོའི་རོགས་སྐྱོར་འོག 2025ལོའི་ཟླ་6པར་རིན་ཆེན་སྒྲོལ་མའི“བོད་ཁྱིམ་སྒོ་ར་ཆུང་ཆུང”ཞེས་པའི་ཁྱིམ་ཚང་མགྲོན་ཁང་བདེ་བླག་ངང་སྒོ་ཕྱེ་ཐུབ་ཡོད།

སྤུས་ཚད་ལེགས་པའི་དབང་གིས་བསྟོད་པའི་མཐེ་བོང་སྒྲེང་ཡུལ་དུ་གྱུར་ཞིང་། “བོད་ཁྱིམ་སྒོ་ར་ཆུང་ཆུང”མགྲོན་ཁང་གིས་སྤུས་ལེགས་ཞབས་ཞུ་དང་ཐུན་མིན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་པས། ལོར་ཆ་སྙོམས་ཞག་སྡོད་བྱེད་ཚད་70%ཡན་ཟིན་ནས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

དེ་བས་གལ་ཆེ་བ་ཞིག་ནི་དཔེ་སྟོན་གྱི་ཕན་འབྲས་ཐོན་ནས་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁོང་ལ་ཉམས་མྱོང་འདྲི་བར་ཡོང་ལ། མཆོད་རྟེན་ཤང་དུ་དམངས་སྲོལ་གནས་ཚང་ཡང་ཆར་རྗེས་ཀྱི་ཤ་མོ་ལྟར་རིམ་བཞིན་མང་དུ་ཕྱིན་པ་དང་། དེ་གའི་དམངས་སྲོལ་གནས་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་40%ཙམ་འཕར་ཏེ། ཡུལ་སྐོར་སྣེ་ལེན་དེ་ས་གནས་དེ་གའི་འབབ་འཕར་གྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ནས“ཕ་ཡུལ་ནས་མི་འབྲལ་བར་ལས་ཞུགས་ཐུབ་པ་དང་། ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་གཏོད་པ”ཞེས་པ་འབོད་ཚིག་ནས་དོན་དངོས་སུ་གྱུར་ཡོད།

རང་ཁྱིམ་གྱི་མགྲོན་ཁང་གཉེར་སྐྱོང་ཡག་པོ་བྱུང་རྗེས་རིན་ཆེན་སྒྲོལ་མས་སླར་ཡང་རང་ཉིད་ལ“འོས་འགན་རྩལ་ཁྲིད་པའི” ལས་ཀ་གསར་པ་ཞིག་བཙལ་ཞིང་། གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་པའི་ཁོང་གིས་ཡུལ་མི་ཚོ་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ་གཏིང་ཟབ་ཚོར་གྱི་ཡོད། ཁོང་གིས་མགྲོན་ཁང་གི་ཞབས་ཞུའི་རྩལ་ནུས་དང་མགྲོན་ཁང་གི་གཉེར་སྐྱོང་ཐབས་ལམ་རེ་རེ་བཞིན་ཡུལ་མི་ཚོར་དམར་ཁྲིད་བྱས་པས། གྲོང་ཚོའི་ནང་ཁྱད་ལྡན་དམངས་སྲོལ་གནས་ཚང་6སྔ་རྗེས་སུ་བཙུགས་ཏེ་དམངས་སྲོལ་གནས་ཚང་གི་ཚོགས་པ་ཆུང་གྲས་ཤིག་ཆགས་ཡོད་ལ། མི་30ཙམ་རང་ས་རང་ཡུལ་ནས་ལས་ཞུགས་ཀྱང་ཐུབ་ཡོད།

རིན་ཆེན་སྒྲོལ་མའི་གཏམ་རྒྱུད་ལས་མཆོད་རྟེན་ཤང་གི་འགྲན་བསྡུར་སྐབས་གཉིས་པར་མིང་ཐོ་འགོད་མཁན་དེ་བས་མང་དུ་འགྲོ་བར་སྐུལ་ཁྲིད་ཐུབ་ནས། མིང་ཐོ་འགོད་མཁན་མི་ཐེངས་627ཟིན་ཏེ་སྐབས་དང་པོ་དང་བསྡུར་ན་30%ཙམ་མང་དུ་ཕྱིན་ཡོད། འགྲན་བསྡུར་ཞིག་ལས་ལས་གཏོད་ཀྱི་བློ་སྒོ་འབྱེད་ཐུབ་ཡོད་ལ། བུད་མེད་ཅིག་ལས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་བཀྲག་མདངས་འཚེར་ཡོད།