གསར་འགྱུར་སྤེལ་དུས། 【2026-06-30 09:00:00】
ལེའུ་དང་པོ། སྤྱིའི་རྩ་དོན།
ལེའུ་གཉིས་པ། མཐའ་བརྟན་མཐའ་སྲུང་།
ལེའུ་གསུམ་པ། མཐའ་དར་གོང་འཕེལ།
ལེའུ་བཞི་པ། དམངས་ཕན་དམངས་ཕྱུག
ལེའུ་ལྔ་པ། ལྟ་སྐུལ་འགན་སྲུང་།
ལེའུ་དྲུག་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
ལེའུ་བདུན་པ། ཞར་བྱུང་།
ལེའུ་དང་པོ། སྤྱིའི་རྩ་དོན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྤྱི་བསྒྲགས།
〔2025〕ཡིག་ཨང་13པ།
《རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》འདི་2025ལོའི་ཟླ་11ཚེས་28ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2026ལོའི་ཟླ་དང་པོའི་ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2025ལོའི་ཟླ་11ཚེས་28ལ།
དོན་ཚན་དང་པོ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་མཐའ་སྲུང་བདེ་འཇགས་སྲ་བརྟན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ། མཐའ་མཚམས་ཡུལ་མི་བདེ་སྡོད་ལས་བརྩོན་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་སྲ་བརྟན་དུ་གཏོང་རྒྱུ། སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་བར་སྲོལ་ཡིག་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་སྲུང་མཐའ་དར་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
དོན་ཚན་བཞི་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སྐྱོང་། མི་འབོར་འཕར་སྣོན་བརྟན་པོ། ཐོན་ལས་གོང་འཕེལ་རིམ་སྤོར། སྤྱི་པའི་ཞབས་ཞུ་མཐོར་གཏོང་། སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་བཅས་ཡོང་བར་སྐུལ་འདེད་བཏང་ཞིང་། མཐའ་སྲུང་ལ་ནུས་པ་ལྡན་པ་དང་། མཐའ་དར་ལ་འདེགས་སྐྱོར་ཡོད་པ། དམངས་ཕྱུག་ལ་ཐབས་ལམ་ཡོད་པ་བཅས་ཀྱི་གོང་འཕེལ་གྱི་རྣམ་པ་བཏོད་དེ། མཐའ་མཚམས་ཀྱི་ཡུལ་མི་ཕྱུག་པོ་དང་། མཐའ་མཚམས་ཀྱི་ཁོར་ཡུག་མཛེས་པོ། མཐའ་མཚམས་ཀྱི་སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་བརྟན་སྲུང་བཅས་ཡོང་ཐུབ་པ་བྱེད་དགོས།
དོན་ཚན་ལྔ་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཞིན་ལྟ་སྐུལ། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད། སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ། སྤྱི་ཚོགས་ཀྱིས་མཉམ་དུ་ཐེ་ཞུགས་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ། ཚན་རིག་དང་མཐུན་པ་ཇི་བཞིན་འཆར་འགོད་དང་། གཅིག་གྱུར་འཆར་འགོད་ཀྱི་བཀོད་སྒྲིག་ཇི་བཞིན་ལག་བསྟར། དཔེ་སྟོན་མིག་ལྟོས་ཇི་བཞིན་སྣེ་ཁྲིད། ཁྱོན་ཡོངས་སྙོམ་སྒྲིག་ཇི་བཞིན་མདུན་སྤེལ་བཅས་བྱེད་དགོས།
རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཛུགས་གཏོད་ལས་དོན་ཁྲོད་ཀྱི་དོན་གནད་གལ་ཆེན་དང་གཙོ་གནད་ལས་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས།
དོན་ཚན་དྲུག་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། འཛུགས་གཏོད་ལས་དོན་དེ་རིམ་པ་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ནང་བཅུག་ནས་དེར་མཁོ་བའི་འགྲོ་གྲོན་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།
ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དང་ཁྲོམ་གཞུང་དོན་གཅོད་ཁང་གིས་ངེས་པར་དུ་གོང་རིམ་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་བླང་བྱ་གཞིར་བཟུང་། འཛུགས་གཏོད་ལས་དོན་ཡག་པོ་བསྒྲུབས་ནས་ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་ལ་འབྲེལ་ཡོད་ལས་དོན་སྤེལ་བར་མཛུབ་ཁྲིད་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་དགོས།
ཡུལ་མི(གྲོང་མི)ཨུ་ཡོན་ལྷན་ཁང་གིས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་འཛུགས་གཏོད་དང་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བདུན་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མཐའ་དར་གོང་འཕེལ་དང་། དམངས་ཕན་མཐའ་བདེ། མཐུན་སྒྲིལ་མཐའ་བརྟན། རིག་གནས་མཐའ་གསོས། མཐའ་སྟོབས་བཅོས་སྐྱོང་སོགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ཁག་བགོས་གཞིར་བཟུང་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
ལེའུ་གཉིས་པ། མཐའ་བརྟན་མཐའ་སྲུང་།
དོན་ཚན་དགུ་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དམངས་ཀྱི་བདེ་འཇགས་དང་། ཆབ་སྲིད་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་རྩ་བར་འཛིན་པ་བཅས་གཅིག་གྱུར་ནུས་ལྡན་མཐའ་འཁྱོངས་བྱ་རྒྱུ་དང་། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་རྒྱུ། མཐའ་སྟོབས་དང་མཐའ་སྲུང་སྲ་བརྟན་ཡོང་བར་མཉམ་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།
དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དོན་གཉེར་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་རྒྱལ་ཁབ་འདུ་ཤེས་དང་རྒྱལ་ཁབ་ས་ཁོངས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་རུ་གཏོང་རྒྱུ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་ཀྱི་ཐོག་ནས་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། མི་རིགས་ཁག་དབར་ཕན་ཚུན་རོགས་རེས་དང་། བརྩེ་སེམས་ཟབ་གཏོང་། རྒྱལ་གཅེས་མཐའ་སྲུང་བཅས་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་ཕན་ཚུན་སྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་བསྲུང་བར་སྐུལ་འདེད་གཏོང་དགོས།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ(མཐའ)མཚམས་དོ་དམ་དང་། མཐའ་མཚམས་ལ་སྐོར་གཡེང་དང་མཐའ་བརྟན། དམག་དོན་སྒྲིག་བཀོད་སྲུང་སྐྱོབ། མཐའ་མཚམས་ཕྱོགས་བསྡུས་བཅོས་སྐྱོང་བཅས་གཅིག་གྱུར་འཆར་འགོད་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་ཞིང་། མི་རྒྱུ་རྩལ་གསུམ་གྱི་ཟོན་འགོག་ཐོན་ཁུངས་སྒྲིལ་བཅོས་བྱས་ཏེ། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་འགོག་ཟོན་མ་ལག་བཙུགས་ཐོག མཐའ་བརྟན་མཐའ་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་གསུམ་པ། སྤྱི་བདེ་ལས་ཁུངས་དང་ཡུལ་མི་གནས་སྤོ་དོ་དམ་ལས་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཐའ་མཚམས་དོ་དམ་ཁུལ་ནས་འགྲོ་འོང་བྱེད་མཁན་མི་སྣ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་ལ་ཞིབ་བཤེར་དང་། དེ་བཞིན་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་། ཐེམ་ཐོ་དོ་དམ། ཕྱོགས་མིའི་ཞབས་ཞུ་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་མཚམས་འཛུལ་གྲོལ་གྱི་ཁྲིམས་དང་མི་མཐུན་པའི་བྱེད་སྒོ་སྤེལ་རིགས་སྔོན་འགོག་དང་ཞིབ་བཤེར་ཐག་གཅོད་བྱས་ནས་རྒྱལ(མཐའ)མཚམས་དོ་དམ་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་དང་གཉེར་སྒྲུབ་བྱེད་དགོས། ཡུལ་མི་གནས་སྤོ་དོ་དམ་ལས་ཚན་གྱིས་རྒྱལ་མཚམས་འཛུལ་གྲོལ་གྱི་མཐའ་སྲུང་ཞིབ་བཤེར་དང་། མཐའ་མཚམས་ཡུལ་མིའི་འགྲོ་འོང་དོ་དམ། མཐའ་མཚམས་ས་ཁུལ་གྱི་མཐའ་སྲུང་དོ་དམ་བཅས་བྱ་རྒྱུར་ཁྲིམས་བཞིན་སྒྲིག་འཛུགས་ལག་བསྟར་བྱེད་དགོས།
ཚོང་དོན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། ཁྲོམ་ར་ལྟ་སྐུལ་སོགས་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་རང་གི་འགན་འཁྲི་གཞིར་བཟུང་ཁྲིམས་བཞིན་འགན་དབང་སྤྱད་དེ། མཐའ་མཚམས་དོ་དམ་གྱི་འབྲེལ་ཡོད་ལས་དོན་སྤེལ་དགོས།
དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་མཐའ་སྲུང་པའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་དོ་དམ་དང་འཚམ་པའི་མཐའ་སྲུང་པའི་གཏན་འཁེལ་མི་གྲངས་ཀྱི་འགན་སྲུང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐའ་སྲུང་པ་བཀོལ་སྤྱོད་དང་། དོ་དམ། གསོ་སྦྱོང་། དཔྱད་ཞིབ་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། འགན་སྲུང་དང་གོད་གསབ་གཟིགས་སྐྱོང་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
རང་སྐྱོང་ལྗོངས་ཀྱིས་ས་བབ་མཐོ་བ་དང་། རང་བྱུང་ཐོན་ཁུངས་སྐྱོ་བ། ཆ་རྐྱེན་ཞན་པ། མཐའ་སྲུང་གི་ལས་འགན་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་མཐའ་མཚམས་ཡུལ་མིར་དམིགས་བསལ་གྱི་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་འཚོལ་ཞིབ་བྱེད་དགོས།
དོན་ཚན་བཅོ་ལྔ་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དང་། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྣ་མང་སྔོན་འགོག་བྱེད་ཐབས་དང་ཐག་གཅོད་འདུམ་སེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞི་རིམ་གྱི་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐོག་ནས་མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་རང་འགན་གཙང་སྒྲུབ་བྱེད་པ། མི་ཚང་མར་མཉམ་དུ་རོལ་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་གཏོད་དགོས།
དོན་ཚན་བཅུ་དྲུག་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གནོད་འགོག་གེགས་སེལ་དང་། བདེ་འཇགས་ཐོན་སྐྱེད། སྤྱི་པའི་འཕྲོད་བསྟེན། བཟའ་བཅའི་བདེ་འཇགས་སོགས་ཐད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་ཉེན་གཡོལ་བྱེད་ས་དང་དངོས་ཟོག་གྲབས་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་པའི་བདེ་འཇགས་འགན་སྲུང་དང་འཕྲལ་བསྟུན་དོ་དམ་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།
དོན་ཚན་བཅུ་བདུན་པ། མཐའ་མཚམས་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། གཉིས་བཀུར་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་མཐའ་མཚམས་ཏང་སྐྱོང་གི་གསར་བརྗེའི་སློབ་གསོའི་རྟེན་གཞི་བཙུགས་ཐོག མི་དམངས་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། མཐའ་མཚམས་ཀྱི་འདུ་ཤེས། རྒྱལ་སྲུང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་དགོས།
སྤྱི་དམངས་དང་རྩ་འཛུགས་ཀྱིས་ངེས་པར་དུ་མཐའ་སྲུང་སྡོད་བྱ་སྐོར་རེས་དང་དོ་དམ་ཚོད་འཛིན་བྱེད་སྒོར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་དེར་སྟབས་བདེའི་ཆ་རྐྱེན་ནམ་ཡང་ན་གཞོགས་འདེགས་གཞན་དག་མཁོ་འདོན་བྱེད་དགོས།
དོན་ཚན་བཅོ་བརྒྱད་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དམག་དཔུང་དང་ས་གནས་ཀྱི་དམག་དོན་སྒྲིག་བཀོད་སྲུང་སྐྱོབ་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། སྲུང་སྐྱོབ་བྱེད་ཐབས་གཏན་འཁེལ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། དམག་དོན་སྒྲིག་བཀོད་སྲུང་སྐྱོབ་བྱས་ནས་དམག་དོན་སྒྲིག་བཀོད་སྲུང་སྐྱོབ་ལས་དོན་ཁྲོད་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་དགོས།
རྩ་འཛུགས་སམ་མི་སྒེར་གང་རུང་གིས་དམག་དོན་སྒྲིག་བཀོད་གཏོར་བཤིག་དང་གནོད་སྐྱོན་གཏོང་མི་ཆོག
དོན་ཚན་བཅུ་དགུ་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུར་དམིགས་ནས་སྣ་མང་ཅན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ཁ་གསབ་སྤྲོད་པའི་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་བཏང་སྟེ། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས་ཀྱི་བཙན་འཛུལ་སྔོན་འགོག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་སྐྱེ་ཁམས་གནས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་གང་མགྱོགས་བསྐྲུན་དགོས།
ལེའུ་གསུམ་པ། མཐའ་དར་གོང་འཕེལ།
དོན་ཚན་ཉི་ཤུ་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ལག་བསྟར་བྱས་ཏེ། གསར་གཏོད་སྐུལ་སྤེལ་དང་། ཁུལ་ཁོངས་མཐུན་སྦྱོར། འབྱུང་འཕྲོད་གོང་འཕེལ། སྒོ་དབྱེ་མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་གོང་འཕེལ་ཧུར་ཐག་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཕྱོགས་ཡོངས་ནས་རིགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་དགོས།
དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཅིག་འགྱུར་འཆར་འགོད་བྱས་ནས་འགྲོ་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་མ་ཟད། འཐུང་ཆུ་དང་། གློག་ཤུགས། འཕྲིན་གཏོང་། གནམ་གཤིས། རླུང་འཕྲིན་བརྙན་འཕྲིན་བཅས་ཕྱོགས་ཡོངས་ལ་ཁྱབ་པ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་གོང་འཕེལ་གྱི་འཆར་འགོད་བཟོ་སྒྲིག་བྱས་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་པ་དང་། མ་འཇོག་བྱེད་པ། ས་ཆ་བེད་སྤྱོད་བྱེད་པར་ཞིབ་མཆན་འགོད་པ། ལག་རྩལ་གྱི་འདེགས་སྐྱོར་བྱེད་པ་སོགས་ཀྱི་ཐད་ལ་འཕར་གཟིགས་བྱེད་དགོས་པ་མ་ཟད། རིགས་འདྲ་མིན་གྱི་གཙོ་རྒྱུའི་ཐོན་ཁུངས་གཅིག་གྱུར་སྒྲིལ་སྤྱོད་དང་རྫོང་ཁོངས་ཀྱི་དཔལ་འབྱོར་སྟོབས་ཆེར་བཏང་ནས་ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་གཉིས་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མཐའ་མཚམས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ལྕགས་ལམ་དང་མཁའ་འགྲུལ་བྱ་གཞག་འཆར་འགོད་འཛུགས་སྐྲུན་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། གཞུང་ལམ་གྱི་རིམ་པ་མཐོ་རུ་གཏོང་བ། འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་ཨ་མ་གཙོ་རྐང་དུ་བྱེད་པ་དང་། གྲོང་གསེབ་ཀྱི་གཞུང་ལམ་དང་མཐའ་རྒྱུད་ཀྱི་གཞུང་ལམ་རྨང་གཞིར་བྱས་པའི་རྒྱལ(མཐའ)སྲུང་གཞུང་ལམ་དྲ་བ་བཏོད་དེ་མཐའ་མཚམས་ས་ཁུལ་གྱི་ལམ་དྲའི་འདུས་ཚད་དང་ཤར་གཏོང་ཐུབ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་ཉེར་གསུམ་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ནུས་རྒྱུའི་འཆར་འགོད་དང་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། ནུས་རྒྱུ་གཙང་མའི་བཀོད་པ་ལེགས་སུ་གཏོང་བ། མཐའ་མཚམས་དང་འབྲེལ་བ་ཡོད་པའི་ཆུ་གློག་འཆར་འགོད་རྣམ་གྲངས་གལ་ཆེན་དོན་འཁྱོལ་བྱེད་པ། གློག་ཤུགས་དྲ་སྦྲེལ་ཇེ་མགྱོགས་གཏོང་བ། གློག་དྲའི་མཇུག་སྣེའི་གློག་ཁུངས་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གློག་འདོན་སྒྲིག་བཀོད་འཛུགས་སྐྲུན་དང་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ། གྲོང་གསེབ་ཀྱི་གློག་དྲའི་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་བ། མཐའ་མཚམས་ས་ཁུལ་དུ་གློག་དྲ་གཙོ་བོ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ། བཅོས་སྣུམ་དང་རང་བྱུང་སོལ་རླངས་ཀྱི་འདྲེན་གསོག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་མང་གསབ་རེས་དང་དམག་དཔུང་དང་ས་གནས་མཉམ་སྤྱོད་བྱེད་པའི་ཕྱོགས་བསྡུས་ཀྱི་ནུས་རྒྱུའི་མ་ལག་འཛུགས་སྐྲུན་བྱེད་པ་བཅས་བྱེད་དགོས། འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་། སྔོག་འདོན། གསོག་འཇོག་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འབྱུང་འཕྲོད་གཏེར་ལས་དང་ཐོན་ཁུངས་ལས་སྣོན་ལས་རིགས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་བཞི་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་དང་། གཙོ་གནད་ཆུ་ཁུངས། འབྲུབ་ཐན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་བྱེད་པ། ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་དང་། ཆུ་མཁོ་འདོན་འགན་སྲུང་བྱེད་ནུས། གནོད་འགོག་གེགས་སེལ་དང་གནོད་འཚེ་འགོག་ནུས་བཅས་ཆེ་རུ་གཏོང་དགོས།
དོན་ཚན་ཉེར་ལྔ་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཕྲིན་གཏོང་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་ཞིབ་ལས་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐུད་མེད་འཕྲིན་གཏོང་དྲ་རྒྱའི་ཁྱབ་ཚད་མཐོ་རུ་གཏོང་བ། གཙོ་གནད་ལས་གྲྭའི་བདེ་འཇགས་དང་། ས་གཤིས་ཀྱི་གནོད་འཚེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། མཐའ་མཚམས་ཀྱི་འགོག་ཟོན་སོགས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁོངས་ཀྱི་བར་སྟོང་དང་། ས་ཁམས། གནམ་གཤིས་སོགས་ཐབས་ལམ་མང་པོའི་ཆ་འཕྲིན་གཞི་གྲངས་ཀྱི་ཐོན་ཁུངས་འཛུགས་སྐྲུན་དང་རིག་ནུས་ཅན་གྱི་ཕྱོགས་བསྡུས་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
དོན་ཚན་ཉེར་དྲུག་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་མཐའ་མཚམས་ཀྱི་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་འདོན་ཆུ་འབུད་དང་། བཙོག་ཆུ་གཙང་སེལ། ཁོར་ཡུག་གཙང་སྦྲ་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་གད་སྙིགས་བསྡུ་འདྲེན་གཙང་སེལ་སོགས་ཀྱི་དམངས་འཚོའི་ལས་གཞི་ལག་བསྟར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཐའ་མཚམས་ཀྱི་ཤང་གྲོང་དང་གྲོང་ཚོ(གྲོང་ལྷན)འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོ་དང་གྲོང་རྡལ་གྱི་བྱེད་ནུས་ཁྱབ་བཀོད་ལེགས་སུ་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།
དོན་ཚན་ཉེར་བདུན་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཁྱད་ཆོས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མཐུན་པའི་ཐོན་ལས་སྔོན་ལ་གོང་འཕེལ་བཏང་སྟེ། ཐོན་ལས་སྡེ་གླིང་དང་། ཐོན་སྐྱེད་རྟེན་གཞི། སྒོ་དབྱེའི་ལས་སྟེགས་སོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ཐོན་འབྲས་ལེགས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ།
ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་ཀྱི་སྲིད་ཇུས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་གཞི། ཉེ་འཁོར་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་དང་འཚམ་པའི་ཐོན་ལས་དང་ཁེ་ལས་སྐྱོང་སྤེལ་སྟོབས་ཆེར་གཏོང་དགོས།
དོན་ཚན་ཉེར་བརྒྱད་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་ཞིང་ལས་གྲོང་གསེབ་དང་། ནགས་ལས་དང་རྩྭ་ཐང་། རང་བྱུང་ཐོན་ཁུངས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཕྱུགས་རིགས་ལེགས་བཅོས་དང་ནགས་རྩྭ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་གཏོང་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ། འབྱུང་འཕྲོད་སྐྱེ་ཁམས་ཐོན་ལས་གོང་འཕེལ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་ཚགས་ཚུད་དུ་གཏོང་དགོས།
དོན་ཚན་ཉེར་དགུ་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་རིག་གནས་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རིག་གནས་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཡུལ་བབ་དང་བསྟུན་ནས་གསར་བརྗེའི་རྟེན་གཞི་དང་། དམངས་སྲོལ། གྲོང་གསེབ། སྐྱེ་ཁམས་སོགས་འབྲེལ་ཡོད་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རིག་གནས་ཐོན་ཁུངས་དང་རིག་དངོས་གནའ་ཤུལ་སྔོག་འདོན་དང་། སྲུང་སྐྱོབ། གསར་སྤེལ། བེད་སྤྱོད་བཅས་བྱས་ནས་མཐའ་མཚམས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་མཉམ་འདྲེས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས།
དོན་ཚན་སུམ་ཅུ་པ། མཐའ་མཚམས་ས་ཁུལ་གྱི་འགག་སྒོ་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སྒོ་དབྱེ་མཉམ་ལས་ཀྱི་ལས་སྟེགས་དང་བློ་རིག་འགག་སྒོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཉོ་འཚོང་མཉམ་ལས་དང་ཞབས་ཞུ་དོ་དམ་ལ་སྐུལ་འདེད་གཏོང་བ་དང་། འགག་སྒོ་སྒྲོལ་བའི་ལས་རིམ་ལེགས་སུ་གཏོང་བ། འགག་སྒོ་སྒྲོལ་བའི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས་འགག་སྒོའི་བདེ་འཇགས་དང་། ཕྱོགས་བསྡུས་ཞབས་ཞུའི་ནུས་པ། སྟབས་བདེ་ཅན་གྱི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས།
དོན་ཚན་སོ་གཅིག་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་བྱེད་ཐབས་ལེགས་འགྱུར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་གྱི་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་རིམ་ལྡན་སྒོ་དབྱེ་ཐུབ་པ་དང་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཁྲོམ་ར་འཛུགས་སྐྲུན་ཐུབ་པ་བྱས་ནས་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཉོ་འཚོང་བྱེད་པའི་ནང་འདྲེན་ཚོང་ཟོག་གི་ཁྱབ་ཁོངས་དང་གཞི་ཁྱོན་རིམ་བཞིན་ཆེ་རུ་བཏང་ཐོག ཚོང་འབྲེལ་དེ་ཚད་ལྡན་ཅན་དང་། རྒྱུན་མཐུད་ཅན། སྣ་མང་ཅན་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བར་ཁྲིད་སྟོན་བྱེད་དགོས།
དོན་ཚན་སོ་གཉིས་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འཕེལ་བསྒྱུར་དང་ཚོང་དོན་སོགས་སྡེ་ཚན་གྱིས་ངེས་པར་དུ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་བྱེད་ཐབས་གསར་གཏོད་བྱེད་པ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་སྲིད་ཇུས་ཀྱི་མཐུན་སྦྱོར་དང་། མ་དངུལ་གྱི་གཏོང་ཆ། ལག་རྩལ་གྱི་འདེགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས།
དོན་ཚན་སོ་གསུམ་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འཕེལ་བསྒྱུར་དང་ཚོང་དོན་སོགས་སྡེ་ཚན་གྱིས་ངེས་པར་དུ་ཟོག་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གློག་རྡུལ་ཚོང་དོན་གཉེར་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཟོག་འགྲུལ་དྲ་རྒྱའི་བཀོད་པ་ལེགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་གློག་རྡུལ་ཚོང་དོན་ཁྲོམ་ར་སྐྱོང་སྤེལ་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཟོག་འགྲུལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
ལེའུ་བཞི་པ། དམངས་ཕན་དམངས་ཕྱུག
དོན་ཚན་སོ་བཞི་པ། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་ལག་བསྟར་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ། གོད་གསབ་བཀོད་སྒྲིག་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཚགས་ཚུད་དུ་བཏང་ནས་སྤྱི་ཚོགས་ཀྱི་འགན་སྲུང་ནུས་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་མཐའ་མཚམས་ས་ཁུལ་ལ་ནོར་སྲིད་ཀྱི་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་གསོ་དང་། ལས་ཞུགས། སྨན་བཅོས། སྡོད་ཁང་། རྒན་གསོ། རིག་གནས་སོགས་སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་སྲུང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་ནུས་ལྡན་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་དགོས།
དོན་ཚན་སོ་དྲུག་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་སློབ་གསོའི་ཐད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། རྨང་གཞིའི་སློབ་གསོ་གོང་འཕེལ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པ། ཕུལ་བྱུང་སློབ་གྲྭས་མཐའ་མཚམས་ས་ཁུལ་དུ་མཉམ་སྐྲུན་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཐོག་ནས་མཐའ་མཚམས་ས་ཁུལ་གྱི་སློབ་གཉེར་དང་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་དགོས།
དོན་ཚན་སོ་བདུན་པ། མཐའ་མཚམས་ས་ཁུལ་གྱི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་སྨན་བཅོས་སྒྲིག་གཞི་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས།
སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མཐའ་མཚམས་ས་ཁུལ་དུ་སྣུར་བསྲིང་བྱ་རྒྱུར་སྐུལ་མ་བཏང་སྟེ། ཁ་གཏད་རོགས་སྐྱོར་དང་། སྐོར་སྐྱོད་སྨན་བཅོས། རྒྱང་བསྟེན་དཔྱད་བཅོས་སོགས་ཀྱི་ལས་དོན་སྤེལ་དགོས།
(མུ་འགོད)