དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་ཁེར་བྲོའི་འགྲན་བསྡུར་སྐབས་གཉིས་པའི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2026-08-06 17:38:00】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་2ཉིན་གྱི་སྔ་དྲོ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་ཁེར་བྲོའི་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་དེ་ཇ་རྟ་ཐང་ཆེན་དུ་འགོ་ཚུགས་པ་རེད། གྲོང་ཚོ་དང་། ཤང(གྲོང་རྡལ)རྫོང(ཆུས)བཅས་ནས་རིམ་པ་བཞིན་བདམས་ཐོན་བྱུང་བའི་བདམས་ཐོན་པ 10མཉམ་དུ་འཛོམས་ཏེ་མི་རེས་བྲོ་རེ་འཁྲབ་ནས་ཁམས་པའི་གཏམ་རྒྱུད་བཤད་པ་དང་།འགྲན་བསྡུར་དེ་དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ཡོང་བའི་འགན་ལེན་བྱ་ཆེད། འགྲན་བསྡུར་ནང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གྲགས་ཅན་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་པ་དང་། སི་ཁྲོན་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། གཞོན་ནུའི་ཞབས་བྲོ་སྒྱུ་རྩལ་མཁས་ཅན་སོགས་ཆེད་ལས་ཀྱི་དཔྱད་འདེམས་ཨུ་ཡོན་བདུན་ཆེད་མངགས་གདན་དྲངས་པ་རེད།

ཀྲུང་གོའི་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་ཐེངས་འདིའི་དཔྱད་འདེམས་པ་བཅས་ཡིན་པའི་སྤེན་ཅང་གིས“ད་ཐེངས་ཁེར་བྲོའི་འགྲན་བསྡུར་བྱེད་མཁན་ཚང་མ་ནི་གཞི་རིམ་ནས་ཡིན་པ་དང་ཁོ་ཚོས་འཁྲབ་པའི་ཞབས་བྲོ་འདི་དག་ནི་འཚོ་བ་དངོས་ལས་བྱུང་བ་ཞིག་རེད། དཔྱད་འདེམས་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་སྒྱུ་རྩལ་གྱི་མཚོན་ཤུགས་དང་། གཙོ་དོན་གྱི་འཚམ་ཚད། འཁྲབ་རྩལ་གྱི་ཆ་ཚང་རང་བཞིན་སོགས་ཀྱི་ཐད་ནས་ཕྱོགས་བསྡུས་ཤན་འབྱེད་གང་དྲག་བྱས་ཏེ་འགྲན་བསྡུར་གྱི་གྲུབ་འབྲས་ལ་དཔྱད་འདེམས་དྲང་བདེན་དང་དྲང་བཞག་ཡོང་བའི་འགན་ལེན་བྱས་པ་ཡིན”ཞེས་བཤད།

སྔ་དྲོའི་ཆུ་ཚོད་10པ་ལ་འགྲན་བསྡུར་དངོས་སུ་འགོ་ཚུགས་པ་དང་། བདམས་ཐོན་པ་ཨང་གྲངས་དང་པོ་དེ་སྔོན་ལ་གར་སྟེགས་ཐོག་འཛེགས་ནས《གསེར་བྱ》ཞེས་པའི་ཞབས་བྲོ་འཁྲབ་པ་དང་དེ་རྗེས་ཀྱི་ལེ་ཚན《དམག་དམངས་མཐུན་སྒྲིལ་གྱིས་ལམ་བུ་བསྐྲུན་པ》ཞེས་པ་སོགས་ཀྱི་ཁེར་བྲོ་རྣམས་རིམ་པ་བཞིན་འཁྲབ་སྟོན་བྱས་ནས་ཚང་མས་འཚོ་བར་དགའ་ཞེན་དང་།རིག་གནས་ཀྱི་རྒྱུན་འཛིན་གྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པ་རེད།

ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད་མཐར་རི་བོ་ཆེ་རྫོང་ཁྲང་མོ་གླིང་ཤང་ནས་ཡོང་བའི་འགྲན་ཞུགས་པ་འཇམ་དཔལ་ཆོས་རྒྱལ་གྱིས་འཁྲབ་པའི《བོད་ཤར་གྱི་རྔ་སྒྲ》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ་དང་ཁ་རུབ་ཆུས་རོབ་པ་ཤང་གི་བཀྲ་ཤིས་དོན་གྲུབ་དང་འཇོ་མདའ་རྫོང་འདན་ཁོག་ཤང་གི་འཕྲིན་ལས་དར་རྒྱས་གཉིས་ལ་ཁག་སོ་སོར་བྱད་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་རེད།

ཁེར་བྲོ་འགྲན་བསྡུར་ནི་གཞི་རིམ་གྱི་ཞབས་བྲོའི་སྒྱུ་རྩལ་དེ་དག་མཉམ་དུ་འགྲན་པའི་གར་སྟེགས་ཤིག་ཡིན་ལ། བོད་ཤར་མི་དམངས་ཀྱི་ཁེར་འཁྲབ་ཞབས་བྲོའི་རིག་གནས་གཅིག་སྡུད་འཁྲབ་སྟོན་དང་ཕན་ཚུན་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་པའི་སྐར་ཁུང་ཞིག་ཀྱང་རེད། ཁེར་བྲོའི་མཐའ་བསྡུར་དོན་འཁྱོལ་བྱས་པ་དེས་གཞི་རིམ་དུ་ཁ་ཐོར་དུ་གནས་པའི་སྲོལ་རྒྱུན་གྱི་ཁེར་བྲོའི་ལག་རྩལ་དེ་དག་གར་སྟེགས་མདུན་དུ་ཁྱབ་པ་དང་མང་ཚོགས་ཀྱི་མིག་ལམ་དུ་མངོན་པར་བྱས་ཡོད་པ་རེད།

གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་སྤྱི་པའི་ཞབས་ཞུ་ཁོའོ་ཡི་ཁོའོ་ཀྲང་ཝང་ཁྲེང་ལུང་གིས“འདི་ལོ་ང་ཚོས་གླུ་བྲོའི་འགྲན་བསྡུར་ནང་ཁེར་བྲོའི་རྣམ་གྲངས་དེ་རྐང་བཙུགས་ནས་སྣོན་པ་ཡིན། འདི་ནི་མཉམ་སྡེབ་རིག་རྩལ་དང་མི་སྒེར་གྱི་དམངས་ཁྲོད་རིག་རྩལ་ཚང་མར་ཆེད་གཏོགས་འཁྲབ་སྟོན་གྱི་གར་སྟེགས་ཡོད་པའི་ཆེད་དུ་ཡིན། ཁེར་འཁྲབ་བརྩམས་ཆོས་ཆུང་ལ་སྤུས་ཀ་དག་པ་དང་བརྩེ་སེམས་ཟབ་པས་མི་རིགས་རིག་གནས་དེ་དག་ཟུར་ཚད་མང་པོའི་ཐོག་ནས་ཤེས་རྟོགས་ཐུབ་ཅིང་‘དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན’གྱི་རིག་གནས་སྤུས་རྟགས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་ཡིན། གོམ་སྟབས་རྗེས་མར་ང་ཚོས་འགྲན་བསྡུར་གྱི་རྣམ་གྲངས་རྒྱུན་མཐུད་ཕུན་སུམ་ཚོགས་སུ་བཏང་སྟེ་འགྲན་བསྡུར་གྱིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལ་སྐུལ་ཁྲིད་བྱེད་ཅིང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དར་རྒྱས་གོང་འཕེལ་ལ་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།