གསར་འགྱུར་སྤེལ་དུས། 【2026-08-06 17:39:00】

སྲོལ་རྒྱུན་གྱི་བསླས་འཐག་ལག་རྩལ་ངོམ་བཞིན་པ།

གར་གྱི་སྟང་སྟབས་ལ་བརྒྱུས་པའི་ཞབས་བྲོ་འཁྲབ་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8པའི་ཚེས་1 ཉིན་གྱི་ཕྱི་དྲོ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་སྲོལ་རྒྱུན་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་བསྡུར་གྱི་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ལས་ལག་བཟོའི་བསླས་འཐག་དང་གྱོན་ཆས་བཟོ་བའི་རྩལ་ནུས་འགྲན་བསྡུར་ཁག་གཉིས་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་ཡོད།
འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་ཛ་དྲག་ཆེ་ཞིང་སྤྲོ་སེམས་འཁོལ་བ་ཞིག་ཡོད། ལག་བཟོའི་བསླས་འཐག་འགྲན་ཁུལ་དུ་བདམས་ཐོན་པ་ཚོས་སྐར་མ་120ཡི་ནང་ཚུན་དུ་ལག་པས་ལུག་བལ་གསེད་པ་དང་། སྐུད་པ་འཁེལ་བ། རི་མོ་འཐག་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལེགས་གྲུབ་ཡོང་བ་བྱེད་ཀྱི་ཡོད། དཔྱད་འདེམས་པས་སྐུད་པ་འཁེལ་སྟངས་དང་། གྲིམ་ལྷོད་རན་པོ་ཡོང་ཚུལ། རི་མོ་བཟོ་སྟངས། གསར་གཏོད་ཡོད་མེད་སོགས་ལ་གཞིགས་ནས་སྐར་མ་བརྒྱབ་པ་དང་།
གཞུང་དཔང་ཁྲུའུ་ཡིས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་ལག་བཟོའི་བསླས་འཐག་རེ་རེར་སྲོལ་རྒྱུན་བཟོ་བོའི་ལག་རྩལ་མངོན་ཡོད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐར་འཇོ་མདའ་རྫོང་གི་བདམས་ཐོན་པ་སྐལ་བསྟན་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལྷོ་རོང་རྫོང་གི་ནོར་རྒྱས་ལྷ་འཛོམས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ། རི་བོ་ཆེ་རྫོང་གི་ཚེ་དབང་རབ་རྒྱས་ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད་པ་རེད།
གྱོན་ཆས་བཟོ་བའི་འགྲན་ཁུལ་དུ་བདམས་ཐོན་པ་ཚོས་མོ་ཐྲོལ་གྱི་གཟུགས་པོའི་ཆེ་ཆུང་ལ་གཞིགས་ནས་སྐར་མ་150ཡི་ནང་ཚུན་དུ་རས་དྲས་པ་དང་། འཚེམ་པ། མཐའ་རྒྱན་རྒྱག་པ་བཅས་བྱས་ནས་རང་རང་གི་ལག་རྩལ་མངོན་པ་རེད། འགྲན་རའི་ནང་གི་འཚེམ་བཟོ་བ་ཚོས་འཚེམ་བུ་གྲ་འགྲིག་པོ་རྒྱག་པ་དང་། གོས་དབྱིབས་ལེགས་པོ་བཟོ་བ། སྲོལ་རྒྱུན་བོད་ཆས་ཀྱི་རྨང་གཞིའི་ཐོག་གསར་གཏོད་ཇུས་འགོད་བཅས་བྱས་པ་རེད།
འགྲན་བསྡུར་ནི་ལག་རྩལ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་པ་མ་ཟད་རིག་གནས་རྒྱུན་འཛིན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་དེ་བས་ཡིན། གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་ནས་ཡོང་བའི་བཟོ་རྩལ་མཁས་པ་ཚོས་མཉམ་དུ་རྩལ་འགྲན་བྱས་ཏེ། སོར་རྩེའི་རྩལ་ལ་བརྟེན་ནས་བཟོ་བོའི་རྩལ་ནུས་རྒྱུན་འཛིན་བྱས་པ་དང་། བརྩམས་ཆོས་རྩེ་གྲར་བརྟེན་ནས་ཆབ་མདོའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་དང་དུས་རབས་ཀྱི་གསོན་ཤུགས་མངོན་པར་བྱས་པ་རེད།
གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་མངོན་མིན་རིག་གནས་ཤུལ་བཞག་ལྟེ་གནས་ཀྱི་འགན་འཁུར་བ་བདེ་ཆེན་གཡང་མཚོ་ཡིས།གོམ་སྟབས་རྗེས་མར་ང་ཚོས་ཀྱང་གྲུབ་འབྲས་གཞན་སྒྱུར་གྱི“མཇུག་འཕྲོའི་ལས་དོན ”རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ཏེ།“སྦྱོང་བརྡར་དང་། འགྲན་བསྡུར། ལས་ཞུགས”བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་ལམ་སྲོལ་བརྒྱུད། ཞིང་འབྲོག་པར“ལག་རྩལ་གྱི་ཡོང་འབབ”རག་རྒྱུར་རམ་འདེགས་བྱས་ནས། སྲོལ་རྒྱུན་གྱི་ལག་རྩལ་དེ་གྲོང་གསེབ་དར་རྒྱས་གཏོང་བའི“སྒུལ་ཤུགས་གསར་པ”ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།