གསར་འགྱུར་སྤེལ་དུས། 【2026-08-06 17:40:00】

གླུ་གཞས་འགྲན་སྡུར་ཡུལ་དངོས་ཐོག་འགྲན་ཞུགས་པས་འཁྲབ་སྟོན་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས1ཉིན་གྱི་སྔ་དྲོ། ཆབ་མདོའི་ཇ་རྟ་ཐང་ཆེན་དུ་མི་ཚོགས་ཀྱི་རྒྱ་མཚོ་འཁྱིལ་བ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་འདུག འགོ་ཚུགས་མཛད་སྒོ་ཐུགས་གྲ་འགྲིག་པོའི་ངང་ལེགས་གྲུབ་བྱུང་བ་དང་བསྟུན་ནས།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པའི་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་འགྲན་སྡུར་དང་གླུ་གཞས་འགྲན་སྡུར་གྱི་གྲོང་ཁྱེར་རིམ་པའི་འགྲན་སྡུར་དངོས་སུ་འགོ་ཚུགས་པ་རེད།
གྲོང་ཁྱེར་ཡོངས་ཀྱི་རྫོང་11གི་ཕུལ་བྱུང་བདམས་ཐོན་པ་མཉམ་དུ་འཛོམས་ཏེ། གླུ་གར་ལ་བརྟེན་ནས་ཤེས་རིག་བརྒྱུད་སྤྲོད་དང་། ལག་རྩལ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་འབད་འཐབ་བྱེད་པའི་བརྩམས་ཆོས་མངོན་པར་བྱས་ཡོད་པ་རེད། གྲོང་ཁྱེར་གྱི་ཚན་ཁག་ཆེ་གྲས་བཞིའི་འགོ་ཁྲིད་དང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བ། རིག་རྩལ་ཆེད་ལས་ཀྱི་ཞིབ་དཔྱད་ཨུ་ཡོན། གཞུང་དཔང་མི་སྣ་བཅས་བྱེད་སྒོར་ཞུགས་ཡོད།
མང་ཚོགས་ཞབས་བྲོའི་འགྲན་སྡུར་ཐོག་མ་དེ་སྔོན་ལ་འགོ་བཙུགས་པ་དང་། རྫོང(ཆུས)11གི་འགྲན་ཞུགས་བརྩམས་ཆོས་དག“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ལ་དམ་པོར་དམིགས་ནས། ས་གནས་དེ་གའི་མི་རིགས་ཞབས་བྲོའི་ཁྱད་ཆོས་གསར་འདོན་དང་། སྲོལ་རྒྱུན་གྱི་ཞབས་བྲོ་གཏན་སྲུང་། གར་སྟེགས་ཀྱི་སྒྲིག་ཆས་གསར་པ་སྒྲིག་འགོད་བཅས་བྱས་ཏེ། གནའ་བོའི་དམངས་སྲོལ་ཞབས་བྲོར་དུས་རབས་ཀྱི་བཀྲག་མདངས་རྒྱས་སུ་བཅུག་ཡོད་པ་རེད།
དཔྱད་འདེམས་པ་པེ་ཅིན་དེང་རབས་ཞབས་བྲོའི་ཚོགས་པ་དགུ་པའི་ཚོགས་གཙོ་ཁྲའོ་ཁེ་ནི་ཐེངས་འདིའི་དཔྱད་འདེམས་པ་ཞིག་ཡིན་པའི་ངོས་ནས་འཁྲབ་སྟོན་ལ་བསྟོད་པའི་མཐེ་བོང་སྒྲེང་ནས“དེ་རིང་རུ་ཁག་11གི་འཁྲབ་སྟོན་ལ་ང་རང་ཧ་ཅང་དགའ་པོ་བྱུང་། བརྩམས་ཆོས་རེ་རེའི་ནང་ཕ་ཡུལ་གྱི་འཚོ་བ་དང་མི་རིགས་ཀྱི་སྒྱུ་རྩལ་ལ་བཅངས་པའི་དགའ་ཞེན་འདུས་ཡོད་པས་ང་ཚོས་ཡུལ་དེ་གའི་དམངས་སྲོལ་རིག་གནས་དེང་རབས་ཅན་གྱི་རྒྱུན་འཛིན་བྱེད་པའི་མདུན་ལམ་ཡག་པོ་མཐོང་ཐུབ་བྱུང”ཞེས་བཤད།
འགྲན་སྡུར་བྱ་ཡུལ་དུ་དཔྱད་འདེམས་ཨུ་ལྷན་གྱིས་སྒྲིག་བཀོད་ཀྱི་གསར་གཏོད་དང་། གར་སྟེགས་ཀྱི་མངོན་མཚོན་ནུས་པ། མི་རིགས་ཀྱི་ཁྱད་ཆོས་སོགས་ལ་དམིགས་ནས་ཡུལ་དངོས་སུ་སྐར་མ་བརྒྱབ་པ་དང་། གཞུང་དཔང་མི་སྣས་ལས་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཏེ། འགྲན་སྡུར་གྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན་བཅས་ཡོང་བའི་འགན་ལེན་བྱས་པ་རེད། མཐར་སྟེང་ཆེན་རྫོང་གི《བཀྲ་ཤིས་རལ་པ》ཞེས་པར་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རི་བོ་ཆེ་རྫོང་གི《ཕུགས་འདུན་གྱི་བདེ་སྐྱིད་བསྐྲུན》ཅེས་པ་དང་། ཁ་རུབ་ཆུས་ཀྱི《ས་དམར་གྱི་འབྲོག་གླུ》ཞེས་པར་བྱ་དགའ་ཨང་གཉིས་པ་དང་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།
འགྲན་སྡུར་གྱིས་རྒྱ་ཆེའི་མང་ཚོགས་ཚོར་རང་ཉིད་ངོམ་སྟོན་དང་། ཕན་ཚུན་སྤེལ་རེས་བྱེད་པའི་སྟེགས་བུ་ཆེན་པོ་བསྐྲུན་ཏེ། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད་ལ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་སེམས་གཅིག་སྒྲིལ་ངང་དམར་མདངས་ཆབ་མདོ་འཛུགས་སྐྲུན་དང་། ལག་གདང་སྦྲེལ་ནས་དར་རྒྱས་ཡར་བརྩོན་ཡོང་བར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཀྱང་གཅིག་ཏུ་བསྡུས་ཡོད་པ་རེད།