གསར་འགྱུར་སྤེལ་དུས། 【2026-08-17 17:34:00】
ཇ་རྟའི་ཐང་ཆེན་དུ། མགྲོན་ཁང་ཞབས་ཞུའི་འགྲན་ཁུལ་དུ་མི་མང་པོ་འཛོམས་ཡོད་ཅིང་།ཤན་འབྱེད་པས་བཀའ་ཕབ་མ་ཐག ཉལ་གདན་འདིང་མཁན་གྱིས་ཁ་གདན་སྤྲུག་སྤྲུག་གཏོང་བ་དང་། ཁ་གདན་ལྟེབ་ཆགས་རྒྱག་པ། མལ་ཆས་སྲིན་བལ་ཤུབས་ནང་བཅུག་པ་སོགས་བྱེད་པ་དང་དུས་ཐུང་སྐར་མ་ཁ་ཤས་ནང་ཉལ་ཁྲི་ཁོད་སྙོམས་པ་དང་ཟུར་མཚམས་ཁ་གསལ་བའི་ཉལ་ཁྲི་ཞིག་ཚང་མའི་མདུན་དུ་མངོན་ཡོད་པ་རེད། སྡེར་མ་སྒྲིག་པའི་འགྲན་ཁུལ་དུ། བདམས་ཐོན་པ་ཚོས་ལག་གཡོན་མས་སྡེར་མ་འཁྱེར་བ་དང་། ལག་གཡས་པས་གནས་ཐིག་གཏན་འཁེལ་བྱེད་པ་དང་ཕོར་པའི་བར་ཐག་འཇལ་བ། ལག་ཕྱིས་ལྟེབ་རྩེག་རྒྱག་པ་སོགས་བྱས་པ་རེད།
མཐར་མཛོ་སྒང་རྫོང་གི་སྐལ་བཟང་བསམ་ཆོས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལྷོ་རོང་རྫོང་གི་ཟླ་བ་སྒྲོལ་མ་དང་རི་བོ་ཆེ་རྫོང་གི་ཚེ་རིང་ལྷ་མོར་ཁག་སོ་སོར་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད།
གློག་ལས་བཟོ་པའི་འགྲན་ཁུལ་དུ། བདམས་ཐོན་པ་ཚོས་བཀོལ་སྤྱོད་སྟེགས་བུར་དམ་པོར་དམིགས་ཏེ། གློག་སྒུལ་འཕྲུལ་འཁོར་གྱི་ཚེག་འགུལ་ཚོད་འཛིན་དཔེ་དུམ་ཐོག་ཏུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་གློག་སྐུད་མཐུད་པ་དང་སྙོམས་སྒྲིག་ཚོད་ལྟ་བྱེད་པ་རེད། འགྲན་བསྡུར་འདི་ནི་ཚད་ལྡན་དང་བདེ་འཇགས་ཡིན་མིན་སྐོར་གྱི་འགྲན་བསྡུར་ཤིག་ཡིན་པས། ཤན་འབྱེད་པས་ཡོ་བྱད་བེད་སྤྱོད་བྱེད་སྟངས་དང་གློག་ལས་སྤུས་ཚད་སོགས་ཞིབ་ཆ་རེ་རེར་དམིགས་ནས་རྣམ་གྲངས་རེ་རེར་སྐར་མ་བརྒྱབ་པ་རེད།
མཐར་དཔའ་ཤོད་རྫོང་ནས་ཡིན་པའི་ལྷུན་གྲུབ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལྷོ་རོང་རྫོང་གི་བློ་བཟང་ཚུལ་ཁྲིམས་དང་སྟེང་ཆེན་རྫོང་གི་ཚེ་དབང་སྐལ་བཟང་ལ་ཁག་སོ་སོར་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད།
མང་ཚོགས་རང་བཞིན་གྱི་ལག་རྩལ་འགྲན་བསྡུར་འདིར་ཞུགས་མཁན་བདམས་ཐོན་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཁྱེར་རིམ་པའི་མཐའ་བསྡུར་ནང་ཞུགས་ཐུབ་པས་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་རེད། ཕྱིར་ལོག་རྗེས་ཁོང་ཚོས་འགྲན་ར་ནས་སློབ་སྦྱོང་བྱས་པའི་ཉམས་མྱོང་དང་ཤེས་བྱ་རྣམས་ལས་རོགས་དང་ཡུལ་མི་སྔར་ལསས་མང་བར་བསླབས་ནས། ལག་རྩལ་གྱི་མེ་ལྕེ་དེ་བོད་ཤར་རྒྱུད་ཀྱི་ས་གཞི་ཆེ་མོར་རྒྱུན་ཆད་མེད་པར་འབར་བ་བྱ་རྒྱུ་རེད།