གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་མདུན་སྐྱོད་སྟོབས་ཤུགས་བསྡུ་ལེན་བྱེད།

གསར་འགྱུར་སྤེལ་དུས།[2024-04-12 09:20:00]

འཇོ་མདའ་རུ་འབྲིང་གི་བཀོད་འདོམས་པ་ཚང་མས་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས“2024ལོའི་སྙིང་སྟོབས་སྟེ། དྭངས་གསལ་དུས་ཚིགས་ལ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི”བྱེད་སྒོ་སྤེལ་ནས་སྔོན་གཤེགས་དཔའ་བོའི་བང་སོར་མཆོད་འབུལ་དང་དྲ་ཐོག་མཆོད་འབུལ་སོགས་ཀྱི་རྣམ་པ་བརྒྱུད་སྔོན་གཤེགས་དཔའ་བོར་མཆོད་འབུལ་དང་དྲན་གསོ་ཞུས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་བྱས་ཏེ་དུས་རབས་གསར་པའི་འབད་འབུངས་ཡར་བརྩོན་གྱི་ལམ་བུ་ཐུན་མོང་ཐོག་འཚོལ་ཞིབ་བྱས་པ་རེད།

དྭངས་གསལ་དུས་ཚིགས་སུ་ད་ལོ་དགུང་ལོ་བདུན་ཅུར་སླེབས་པའི་སྔོན་གཤེགས་དཔའ་བོའི་ནང་མི་ཧོང་ཀུའེ་ལིན་གྱིས་སྟེང་ཆེན་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཕེབས་ནས་དེ་ཁུལ་དུ་ཡོད་པའི་མི་སྣར་སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་སྔོན་གཤེགས་དཔའ་བོ་ཧོང་ཆོན་ཧྥུའུ་ཡི་དཔའ་ངར་ཆེ་བའི་བྱས་རྗེས་ལ་རྗེས་དྲན་ཞུས་པ་རེད། ཁོང་གིས་བཤད་པའི་གསར་བརྗེའི་ལོ་རྒྱུས་དེར་ཉན་སྐབས་གནས་དེར་ཡོད་པའི་མི་སྣ་ཚང་མར་སེམས་འགུལ་ཚད་མེད་ཐེབས་ཤིང་། མིག་ལ་མཆི་ཞག་འཁོར་བཞིན་དུ་སྔོན་གཤེགས་དཔའ་བོ་ཚོའི་གསར་བརྗེའི་དཔའ་སྟོབས་ཀྱིས་དེ་གར་ཡོད་པའི་མི་ཚང་མའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཡོད། ཚང་མས་སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད།

ཁ་རུབ་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་གུང་གཞོན་སྡེ་ཚོགས་ཁ་རུབ་ཆུས་ཨུད་ཀྱིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་ཐོག“སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་དྲན་གསོ་ཞུས་པ་དང་གསར་བརྗེའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད་པའི”བྱེད་སྒོ་སྤེལ་ཞིང་། ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་དང་ཆབ་མདོ་གྲོང་ཁྱེར་སློབ་ཆུང་དང་པོའི་དགེ་སློབ་ཀྱི་འཐུས་མི་དང་དེ་བཞིན་ལས་དོན་མི་སྣ་54ཞུགས་ཡོད་པ་རེད།

ཉིན་འདི་གའི་རིང་མཛོ་སྒང་དང་། ལྷོ་རོང་། རི་བོ་ཆེ། སྨར་ཁམས། གོ་འཇོ། འཇོ་མདའ། དཔའ་ཤོད། བྲག་གཡབ་སོགས་རྫོང་གི་ལས་བྱེད་མང་ཚོགས་དང་སློབ་མ་ཚོ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་སོང་ནས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་ནས་མཉམ་དུ་མྱ་ངན་ཞུས་པ་དང་། དམ་ཚིག་སྒྲོག་སྦྱངས་བྱས་ཡོད།

དྭངས་གསལ་དུས་ཚིགས་རིང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་དགེ་སློབ་ཡོངས་སྒྲིག་འཛུགས་བྱས་ཏེ་རྣམ་པ་སྣ་ཚོགས་བརྒྱུད་དྭངས་གསལ་དུས་ཚིགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སློབ་གྲྭ་དེས་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བརྗོད་དོན་གཙོ་བོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། མཐོ་རིམ་ལོ་རིམ་དང་པོའི་སློབ་མའི་ཚབ་མཚོན་བརྩམས་ཆོས《སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ལང་ཚོའི་དུས་ཚོད་དམ་འཛིན་བྱེད》ཅེས་པའི་གཏམ་བཤད་སྤེལ་ནས་དུས་རབས་གསར་པའི་གཞོན་ནུ་སློབ་མ་ཚོར་གསར་བརྗེའི་སྔོན་བྱོན་པ་ཚོའི་སྒེར་སེམས་མེད་པ་དང་དཔའ་ངར་ཆེན་པོ་བློ་ལ་བརྟན་པོར་ངེས་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཁུར་བ་བཅས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་འབད་འཐབ་ལྷོད་མེད་བྱས་པ་དང་རང་སྲོག་བློས་བཏང་བ་ལས་བྱུང་བའི་བྱ་གཞག་རླབས་པོ་ཆེ་ནུས་ཤུགས་ཡོད་རྒུས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད་པ་རེད།

བྱེད་སྒོ་མཇུག་འགྲིལ་རྗེས་སློབ་མ་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ནི་ནམ་ཡང་ང་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ནང་ང་ཚོས་ཕུགས་བསམ་བརྟན་སྲུང་དང་ཀུན་སྤྱོད་ཞུན་བརྡར་བྱས་ནས། ད་ཆའི་ཐོབ་པར་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཀྱི་ཡིན་ཞེས་བརྗོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)