ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།[2024-06-14 09:00:00]

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས11ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་། ལག་བསྟར་གཏིང་ཟབ་བཅས་བྱེད་པ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་ཀའི་ཚོགས་འདུའི་དགོངས་དོན་རྒྱུན་མཐུད་ངང་ལག་བསྟར་དོན་འཁྱོལ། ཆབ་མདོའི“ཞིང་གསུམ”ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་སྔར་བས་གཏིང་ཟབ་བཅས་བྱས་ཏེ། གཙོ་གནད་ཁ་གསལ་དང་། བསམ་ཕྱོགས་གསལ་བ། འགན་འཁྲི་ཕྲག་སྒྲུབ་བཅས་ཀྱི་སྒོ་ནས་ཆབ་མདོའི“ཞིང་གསུམ”ལས་དོན་རྒྱུན་མཐུད་ངང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ཝེ་ཤིན་ཀུའེ། ཀྲང་ཅན་ཧྭ། ལིས་གོ་ཅན། རྡོ་རྗེ་དགྲ་འདུལ། ལིས་པིང་། དངོས་གྲུབ་ཟླ་བ། ཅཱ་ཤིན་ཡུས་བཅས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད། ལའོ་ཆིན་འུའུ་དང་ལིས་གོ་ཅན་གྱིས་སོ་སོའི་དོ་དམ་ཁྱབ་ཁོངས་དང་ལས་ཀའི་དོན་དངོས་ལ་གཞིགས་ཏེ་གཏམ་བཤད་སྤེལ་རེས་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དང་གཏིང་ཟབ་པའི“ཞིང་གསུམ”གྱི་ཐུགས་དགོངས་འདུས་ཡོད་པས། ང་ཚོར་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་མཉམ་གཏོང་གི་ཐད་ལ་མིག་དཔེ་ལྟ་ས་དང་ལག་ལེན་གྱི་ཐབས་ལམ་བསྟན་ཡོད་ཅེས་བསྟན་པ་རེད།

ཀུང་ཧུའེ་ཚའེ་ཡིས་འདི་ལོ་ཚུན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་པ། ཞིང་འབྲོག་ལས་ཐོན་སྐྱེད་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན། ཞིང་འབྲོག་ཁུལ་བཅོས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། “ཞིང་གསུམ”ལས་དོན་གྱི་འགོ་ཡག་པོ་འཛུགས་པ་དང་འཕེལ་ཕྱོགས་བརྟན་པོ་བྱུང་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སྡེ་ཚན་ཁག་གིས་ལོ་རྒྱུས་ཆེན་པོའི་ལྟ་བའི་ཐོག་ནས“ཞིང་གསུམ”གྱི་གནད་དོན་ལ་བལྟ་དགོས་པ་དང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་ཆེད་དུ་མཐུན་རྐྱེན་བསྐྲུན་དགོས་ཞེས་བསྟན་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པར་གཅིག་ནས་མཐའ་ཚད་ཡག་པོ་བསྲུངས་ནས་བདེ་འཇགས་འགན་ལེན་བྱེད་དགོས། རྨོ་ཞིང་བཟུང་སྤྱོད་དང་ཁ་སྣོན་དོ་ཇེ་སྙོམས་ཡོང་བ་དང་། ས་རྒོད་གསར་སྦོལ་བྱེད་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྨོ་ཞིང་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ཏེ་འབྲུ་རིགས་འདེབས་རྒྱ་བརྟན་པོར་ཡོང་བའི་འགན་ལེན་བྱ་དགོས་ཤིང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་ལ་ཆུ་འདྲེན་པའི་ཆུ་ཚད་ལེགས་སུ་གཏང་དགོས་པ་དང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ཞིང་ཁར་ཚན་རིག་དང་མཐུན་པའི་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བེད་མེད་དྲོད་ཁང་ཐམས་ཅད་རིམ་པར་སླར་ཡང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་རང་ཡུལ་དུ་སྔོ་ཚལ་མཁོ་འདོན་བྱེད་ཚད་མཐོ་རུ་གཏང་དགོས་ཏེ། གྲོ་དམར་གྱི་སོན་དང་ར་རྒྱུད་སྤུས་བཟང་གསོ་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་ཨ་དབང་ལུག་དང་རི་བོ་ཆེའི་འབྲི་གཡག བོད་ཕག་བཅས་གསོ་ཚགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་ཤ་དང་སྒོ་ང་། འོ་མ་སོགས་ཞིང་འབྲོག་ཐོན་རྫས་རྣམས་ས་གནས་དེ་གར་མཁོ་སྤྲོད་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཚགས་ཤ་ལས་སྣོན་དང་ནས་འབྲུ་ལས་སྣོན་སོགས་ཞིང་འབྲོག་གི་ཐོན་རྫས་ལས་སྣོན་ལས་རིགས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་དེ་དག་གི་ཚོང་ལམ་རྒྱ་ཆེར་བསྐྱེད་ནས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་དགོས།

གཉིས་ནས་འགག་རྩའི་བྱ་ཐབས་དོན་འཁྱོལ་བྱས་ཏེ་འབབ་འཕར་ལ་དམ་འཛིན་བྱེད་དགོས། གྲོང་ཨུད་ཀྱི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་འཕར་ཐབས་ཁག་བཅུར་རྒྱུན་མཐུད་སྐུལ་འདེད་བཏང་ནས་རྣམ་གྲངས་ནང་ལས་མི་བསྡུ་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པ། ཕྱུགས་རིགས་བཤས་བཙོང་སོགས་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་བརྟན་པོར་འཕར་བའི་སྐུལ་ཁྲིད་བྱ་དགོས། ཞིང་འབྲོག་མཉམ་ལས་རྩ་འཛུགས་དང་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་དྲ་ཐོག་ཚོང་སྟེགས་ལ་བརྟེན་ནས་ཚོང་ལམ་རྒྱ་ཆེར་བསྐྱེད་དེ་ཐོན་སྐྱེད་ཆུང་ངུ་དང་ཁྲོམ་ར་ཆེན་པོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་འབྲེལ་ཚོང་ལས་ཆུ་ཚད་མཐོ་རུ་གཏང་དགོས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་དམིགས་ནས་ལས་གནས་སྦྲེལ་མཐུད་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་གྱི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

གསུམ་ནས་ལྟེ་བའི་འོས་འགན་ལ་དམ་པོར་དམིགས་ཏེ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བ་དང་གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་སྲུང་བ། གྲོང་གསེབ་ཀྱི་ཆུ་དང་གློག ལམ་དང་ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་རྒྱུད་གྲོང་གསེབ་ཀྱི་རྣམ་པ་ལེགས་བཅོས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། མི་དང་སྒོ་ཟོག་ལོགས་དབྱེ་དང་གསང་སྤྱོད་ལེགས་བཅོས་བྱ་བ་མུ་མཐུད་སྒྲུབ་པ། འཚོ་གནས་ལ་འཚམ་པའི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

བཞི་ནས་གཞི་རིམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞི་བརྟན་དུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། འགལ་རྩོད་དང་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་སེལ་དགོས་ལ། མི་གསོད་གྱོད་གཞི་འགག་སྒྲོལ་དང་ནག་སེལ་གཤེད་བཅོམ། མེ་མདའ་འབར་རྫས་མེད་པར་བཟོ་རྒྱུ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཆོས་ལུགས་ཡུལ་ལུང་ཅན་དུ་འགྱུར་བར་སྔོན་འགོག་བྱ་དགོས། “བརྒྱད་ལྔ”ཡི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་གནད་སྨིན་ངང་སྤེལ་བ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྲ་བརྟན་དུ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རང་ཡུལ་ནས་ཕྱི་ལ་གོམ་པ་གང་ཐོན་མ་མྱོང་བའི་གྲོང་ཚོའི“ཨུ་ལྷན་གཉིས་”ཀྱི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་རྣམས་ལྗོངས་ཕྱི་ནང་གི་ཁྱིམ་མཚེས་གྲོང་ཁྱེར་དུ་ཁྲིད་དེ་མཐོང་རྒྱ་ཆེ་རུ་གཏོང་བ་དང་བསམ་བློ་འགྱུར་ལྡོག་ཡོང་ཐབས་ལ་བརྩོན་དགོས།

ལྔ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ཆེ་རུ་བཏང་ནས་ནུས་ཤུགས་གཅིག་ཏུ་འགྲིལ་དགོས། གྲོང་ཨུད་ཀྱི“སྤྱོད་ཚུལ་ལེགས་བཅོས་ལོའི”བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་ཀ་ཚང་མ་ཡག་པོ་བསྒྲུབ་དགོས་ཤིང་། གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་གཞི་རིམ་ལས་བྱེད་པར་བྱ་བ་དངོས་སྒྲུབ་པའི་དུས་ཚོད་དང་སེམས་ཤུགས་སྔར་བས་མང་བ་ཡོད་དུ་འཇུག་དགོས་ལ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་འབྲེལ་མ་དངུལ་གཡོ་ལེན་དང་གཞན་སྤྱོད་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་། ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་འགྲོ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱ་དགོས་ཞེས་ནན་བཤད་གནང་ཡོད།