ལྷོ་རོང་རྫོང་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་སྤེལ་བ།

གསར་འགྱུར་སྤེལ་དུས།[2025-04-22 10:10:00]

ལྷོ་རོང་རྫོང་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་དེ་རྔུལ་ཤོད་ཤང་རིག་གནས་ཐང་ཆེན་དུ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས15ཉིན། རིག་གནས་དང་། ལུས་རྩལ། རོལ་དབྱངས་དང་རང་བྱུང་མཛེས་པ་བཅས་མཉམ་འདྲེས་ཡིན་པའི་དཔྱིད་ཀྱི་གསོལ་སྟོན་སྟེ། “དཔྱིད་རླུང་གནའ་ལམ་ལྡང་། ཁམ་བུས་ལྷོ་རོང་བརྒྱན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་རོང་རྫོང་རྔུལ་ཤོད་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་དེ་རྔུལ་ཤོད་ཤང་རིག་གནས་ཐང་ཆེན་དུ་སྤེལ་བ་རེད། ཁ་གཏད་ལྷོ་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། མཐའ་འཁོར་གྱི་ས་ཁུལ(གྲོང་ཁྱེར)དང་། རྫོང(ཆུས)དེ་བཞིན་ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་སྐུ་མགྲོན། ཡུལ་སྐོར་བ་དང་ས་གནས་ཀྱི་མང་ཚོགས་ཚོ་ལྷན་དུ་འཛོམས་ནས་བརྗེད་དཀའ་བའི་རིག་གནས་དང་ཡུལ་སྐོར་ཉམས་སུ་མྱོང་བའི་སྤྲོ་འཆམ་ཐེངས་ཤིག་བྱུང་ཡོད།

འགོ་ཚུགས་མཛད་སྒོའི་ཐོག་སྐད་གྲགས་ཆེ་བའི་སྒྱུ་རྩལ་པ་དང་། ཆབ་མདོ་གྲོང་ཁྱེར། ལྷོ་རོང་། སྨར་ཁམས། རི་བོ་ཆེ། ལྷ་རི། སྤོ་བོ་སོགས་ཀྱི་རྫོང་སྒྱུ་རྩལ་ཚོགས་པ་གར་སྟེགས་སུ་བུད་དེ་ལྟད་མོ་བར་མིག་ལ་མཛེས་ཤིང་རྣ་ལ་སྙན་པའི་གསོལ་སྟོན་ཐེངས་ཤིག་བཤམས་ཡོད།

རིག་རྩལ་འཁྲབ་སྟོན་མཇུག་འགྲིལ་རྗེས། ལྷོ་རོང་རྫོང་གི་ཤང་གྲོང1གི་འཐུས་མི་ཚོགས་པས་སྤེལ་བའི་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར་བྱེད་སྒོ་ཡིས་དེ་གར་དགའ་སྤྲོའི་ཡོ་ལང་རྒྱས་སུ་བཅུག་ཡོད། རྒྱང་རྒྱུག་འགྲན་སྡུར་དང་། ཐག་འཐེན་འགྲན་སྡུར། བྱ་རྡོ་འགྱོག་པ་སོགས་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་དེ་དག་གིས་ལྷོ་རོང་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་མཚོན་པ་མ་ཟད། ལྟད་མོ་བར་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཤེས་སུ་བཅུག་ཡོད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ལྷོ་རོང་རྫོང་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ཞབས་བྲོ་དང་། རྐྱང་གཞས་གསར་པ། དབྱངས་རྟ་གཙོ་བོའི་གླུ་གཞས། ཕུལ་བྱུང་གི་སྲོལ་རྒྱུན་གླུ་གཞས་ཀྱི་རྫོང་རིམ་པའི་བསྐྱར་འགྲན་དང་དེ་བཞིན་རིག་གནས་ཡུལ་སྐོར་སྣང་བརྙན་ཕོ་ཉ་གདམ་གསེས་འགྲན་སྡུར་གྱིས་ལྷོ་རོང་རྫོང་གི་རིག་གནས་ཉམས་འགྱུར་དང་བསམ་པའི་རྣམ་འགྱུར་མངོན་པར་མཚོན་རྒྱུ་རེད།