འཛམ་གླིང་ཐོག་གི་གནའ་བོའི་ཚྭ་ཞིང་གཅིག་པུ།

གསར་འགྱུར་སྤེལ་དུས།[2025-05-06 09:10:00]

ཚྭ་ཁ་ལྷོའི་གནའ་བོའི་ཚྭ་བཟོ་ལག་རྩལ་ནི་ལོ་ངོ་སྟོང་ཕྲག་ལྡན་པའི་ཇ་རྟ་ཚོང་ལམ་སྟེང་ཤུལ་དུ་བཞག་པའི་གདོད་མའི་ལག་རྩལ་ཞིག་ཡིན་ཞིང་། འཛམ་གླིང་ཐོག་ཉར་ཚགས་བྱས་ཡོད་པའི་གདོད་མའི་ལག་རྩལ་ལ་བརྟེན་པའི་ཚྭ་སྐམ་རྒྱག་ཐབས་གཅིག་པུ་དེ་ཡིན། ཚྭ་ཁ་ལྷོའི་ཚྭ་ཐོན་སྐྱེད་བྱེད་པའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ལོ་རྒྱུས་རིག་པས་བདེན་དཔང་བྱས་པ་ལྟར་ན་ཐང་རྒྱལ་རབས་ཀྱི་དུས་ནས་ཚྭ་ཁ་ལྷོར་ཚྭ་སྐམ་པའི་ལོ་རྒྱུས་ཡོད་པ་བཤད། གནའ་གཏམ་དུ་ཚྭ་རྩོད་རྒྱག་རྐྱེན་དེར་དམག་འཁྲུག་བསླངས་མྱངས་བའི་བཤད་སྲོལ་ཡོད་དེ། གེ་སར་སྒྲུང་ལས་《འཇང་གླིང་གཡུལ་འགྱེད》 ནང་གི་ཚྭ་རྩོད་རྒྱག་སའི་ཡུལ་དེ་ནི་ཚྭ་ཁ་ལྷོ་རེད་ཅེས་ངོས་འཛིན་བྱས་ཡོད།

ཚྭ་ཞིང་ནི་ཤིང་གི་གདང་ལ་བཏེགས་པའི་སྟེགས་བུ་སྐས་ཞིང་དང་འདྲ་བ་དག་ཡིན་ཞིང་། སྟེགས་བུའི་སྟེང་ས་དམར་དང་ས་དཀར་བྱུགས་ཤིང་མཐའ་བཞི་ཅུང་མངོན་པར་འབུར་བའི་ར་བས་བསྐོར་ཡོད། ཚྭ་ཞིང་ཆེ་ཤོས་རེའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་བཅུ་ལས་བརྒལ་བ་དང་ཆུང་ཤོས་ལ་རྨིད་གྲུ་བཞི་མ་གཉིས་ཙམ་ལས་མེད། ཚྭ་ཞིང་གི་གཤམ་ངོས་སུ་བ་ཚྭའི་ཆུ་ལོ་དང་ཟླ་བར་བསགས་པའི་ཚྭ་ཡི་ཀ་བ་དགུན་ཁའི་འཁྱགས་རོམ་གྱི་ཀ་བ་དང་འདྲ་ཞིང་། ཡུལ་དེའི་ཚྭ་བཟོ་བ་ཚོས་ཚྭ་ཡི་ཀ་བ་ནི་བཟའ་ཚྭ་སྤུས་ཀ་ལེགས་ཤོས་ཡིན་པས་ཁྲོམ་ར་བཙོང་མཁན་མེད་པར་རང་གིས་ཉར་ནས་ བཟའ་བཞིན་ཡོད་ཟེར།

རྫ་ཆུའི་ངོགས་གཉིས་སུ་ཆུ་མིག་བརྒྱད་ཅུ་གྱ་གསུམ་ཙམ་ཡོད་ཅིང་། ཆུ་མིག་ལས་བརྡོལ་བའི་ཆུ་དྭངས་མོ་ནི་ཚྭ་བཟོའི་རྒྱུ་གཙོ་བོ་རེད། ཆུ་མིག་གི་མཐའ་རུ་རྡོ་ཡི་ར་བ་བསྐོར་ནས་ཆུ་བསྐྱིལ་ཡོད། ཆུ་བསྐྱིལ་ཐབས་ལ་རིགས་སྣ་ཚོགས་ཡོད་དེ། གཏིང་ཐུང་བ་ནི་མཐའ་རུ་འགྲེང་ན་ཐོམ་བུས་ཆུ་བཅུ་ཐུབ་པ་དང་། གཏིང་རིང་བ་ལ་རྨིད་ལྔ་དྲུག་ཙམ་རེ་ཡོད་པས་ཤིང་སྐས་བཙུགས་ནས་མཐིལ་དུ་ཕྱིན་ན་གཞི་ནས་བ་ཚྭའི་ཆུ་ལེན་ཐུབ། གནའ་སྔ་མོར་ཚྭ་པ་རྣམས་ཀྱིས་ཆུ་དོང་ནང་གི་ཚྭ་ཆུ་ཆུ་རྫིང་དུ་བླུགས་རྗེས་ཉི་མར་སྐམ་རྒྱག་སྟེ་ཚྭ་ཆགས་པའི་སྲོལ་ཡོད། ད་ཆ་དེང་རབས་ཀྱི་ཆུ་འཐེན་འཕྲུལ་ཆས་སྤྱད་དེ་རྫ་ཆུ་རྫིང་བུར་འཐེན་ཏེ་ཉི་མར་སྐམ་རྒྱག་སྟེ་ཉིན་གསུམ་བཞི་ཡས་མས་བསྐམས་རྗེས་ཚྭ་ཆགས་ཐུབ། ཆུ་རྫིང་རེར་ཐེངས་རེར་ཚྭ་རྒྱ་མ་བཅུ་ཡན་ལེན་ཐུབ།

ཚྭ་ཁ་ལྷོའི་ཚྭ་ལ་དཀར་པོ་དང་དམར་པོ་རིགས་གཉིས་ཡོད། ང་ཚོས་རྒྱུན་དུ་མཐོང་བའི་ཚྭ་ནི་དཀར་པོ་ཡིན་མོད། རྫ་ཆུའི་སྲིབ་ཀྱི་ལྕགས་རྟ་གྲོང་ཚོའི་ཚྭ་ནི་དམར་པོ་ཡིན་པ་དང་། གཙང་པོའི་ཉིན་གྱི་ཚྭ་ཁ་ལྷོ་གྲོང་ཚོའི་སྟོད་སྨད་ཀྱི་ཚྭ་ནི་དཀར་པོ་ཡིན། ཆུ་བོ་གཅིག་གི་ཉིན་སྲིབ་ལ་ཚྭ་ཡི་མདོག་རྦད་དེ་མི་འདྲ་བ་ནི་ངོ་མཚར་བ་ཞིག་རེད། གྲོང་མི་ཚོས་བཤད་པ་ལྟར་ན་ལྕགས་རྟ་གྲོང་ཚོའི་ས་རྒྱུ་ནི་དམར་སྨུག་ཡིན་པས་ཚྭ་དམར་པོ་ཐོན་པ་དང་། ཚྭ་ཁ་ལྷོའི་གྲོང་ཚོ་སྟོད་སྨད་ཀྱི་ས་རྒྱུ་དཀར་པོ་ཡིན་པས་ཚྭ་དཀར་པོ་ཐོན་པ་རེད་ཟེར། དེའི་ནང་ནས་ཚྭ་དམར་ནི་ཐོན་ཚད་མཐོ་ཞིང་གོང་ཚད་སླ་བ་ཡིན་ལ་ཚྭ་དཀར་ནི་ཐོན་ཚད་ཉུང་ཞིང་གོང་ཚད་མཐོ་བ་ཡིན། ལོ་རེའི་ཟླ་བ་གསུམ་པ་དང་ལྔ་པའི་བར་རྫ་ཆུའི་རྒྱུད་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་སུ་བུད་མེད་ཚོ་ཚྭ་སྐམ་པའི་ལས་ཀར་བྲེལ་བཞིན་ཡོད། དུས་འདིར་ཉི་འོད་དྲོ་ཞིང་བསིལ་རླུང་ལྡང་བའི་ཁར་རྫ་ཆུ་མར་འགྲིབ་པས་ཚྭ་ཆུའི་སྤུས་ཚད་ལེགས་ལ་ཚྭ་ཐོན་སྐྱེད་འབེལ་པོ་ཡོད་རྐྱེན་ས་གནས་མང་ཚོགས་མང་ཚོགས་ཀྱིས་ཚྭ་དེ་ལ་ཁམ་ཚ་ཞེས་འབོད་སྲོལ་ཡོད་དེ། དུས་ཚིགས་འདིར་ཐོན་པའི་ཚྭ་ནི་སྤུས་ལེགས་ཤོས་དང་སྙན་གྲགས་ཤིན་ཏུ་ཆེན་པོ་ཡོད། མི་ཚོས་ཚྭ་དམར་གྱིས་བསྲུབས་པའི་ཇ་ནི་ཁ་མདོག་དམར་ཞིང་དྭངས་ལ་བྲོ་བ་ཤིན་ཏུ་ཞིམ་ཟེར།

ཚྭ་ཞིང་གཅིག་གི་ཚྭ་ལའང་རིམ་པ་ཁ་ཤས་ཡོད་དེ། ཐོག་མར་ཐོན་པ་ནི་རབ་དང་བར་དུ་ཐོན་པ་ནི་འབྲིང་། ཐ་མར་ཐོན་པ་ནི་ཐ་མར་བརྩི། ཐ་མ་དེ་ལ་བྱེ་འདམ་འདྲེས་ཡོད་པས་གཙོ་བོ་སྒོ་ཕྱུགས་ལ་སྤྲོད་པ་ཡིན།

དབྱར་དུས་སུ་ཆར་ཆུ་མང་པོ་བབས་ཏེ་ཆུའི་རབ་ཁ་རྒྱས་ཚེ་ཚྭ་སྐམ་དཀའ་བ་ཡིན།ཚྭ་ཁ་ལྷོའི་བུད་མེད་ཚོས་ཉིན་རེར་ཆེས་མང་ན་ཆུ་ཟོམ་བརྒྱ་དང་ཉུང་ན་ཡང་བདུན་ཅུ་བརྒྱད་ཅུ་ཡས་མས་འཁུར་གྱིན་ཡོད། འགའ་ཤས་ཀྱིས་ད་དུང་ཚྭ་ཞིང་གི་ཉེ་འགྲམ་དུ་རྡོ་ཧྲུག་བཞག་ནས་རང་གིས་ཉིན་རེར་ཆུ་ཟོམ་ག་ཚོད་འཁུར་མིན་གྱི་གྲངས་ཀ་བརྩི་གྱིན་འདུག ཁོ་མོ་ཚོས་ལོ་གཅིག་གི་ལོ་ཕྱེད་ཚྭ་བཟོ་ལས་ཀར་གཏིམས་གྱིན་ཡོད་པ་རེད།

དུས་ནམ་ཞིག་ལ་རྒྱུ་རྐྱེན་ཅི་འདྲ་ཞིག་གི་དབང་གིས་ཚྭ་བཟོ་ལས་ཀ་བུད་མེད་ཚོས་བྱེད་དགོས་དོན་གང་ཡིན་ཁ་ཚོན་གཅོད་དཀའ་ཡང་། བུད་མེད་ཚོས་ཚྭ་སྐམ་དུས་སྐྱེས་པ་ཚོས་རྟ་དྲེལ་ལ་ཚྭ་བཀལ་ནས་ཁྲོམ་ར་འཚོང་གྱིན་འདུག གནས་འདི་ནས་ཐོན་པའི་ཚྭ་དག་ཆབ་མདོ་གྲོང་ཁྱེར་རྫོང་ཁག་བཅུ་གཅིག་དང་། དེ་མིན་ཡུན་ནན་གྱི་བདེ་ཆེན་དང་ས་དམ། བོད་ལྗོངས་ཀྱི་ཉིང་ཁྲི་དང་རྫ་ཡུལ། སི་ཁྲོན་གྱི་འབའ་ཐང་དང་ལི་ཐང་སོགས་ལ་འཚོང་བཞིན་ཡོད་ལ། ཚྭ་རྒྱ་མ་གང་ལ་སྒོར1ཡན་དགོས། 2009 ལོར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཚྭ་ཞིང་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་ཤུལ་བཞག་སྲུང་སྐྱོང་སྡེ་ཚན་དུ་ཚུད་ཅིང་། ཚྭ་སྐམ་པའི་ལག་རྩལ་དེ་རྒྱལ་ཁབ་ཀྱི་འབོར་ཐེངས་གཉིས་པའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད།