གསར་འགྱུར་སྤེལ་དུས།[2025-05-09 10:15:00]
ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་བཅུ་ཡོངས་བསྒྲགས་བརྡ་ཁྱབ་བཏང་བ་དང་། དཔེ་མཚོན་གནད་དོན་བསྟུད་མར་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལ་དམ་འཛིན་བྱེད་པའི་ཆོད་སེམས་མངོན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་སྤྱོད་ཚུལ་ལེགས་སུ་གཏོང་བའི་འཇུག་སྒོ་དང་སྐུལ་སློང་གི་བཀའ་རྒྱ་ཡིན་ལ། ཡུན་རིང་ནུས་ལྡན་གྱི་སྒྲིག་ལམ་ནན་པོ་དང་གཏན་འབེབས་ཁ་གསལ་ཞིག་ཀྱང་ཡིན་པས། དུས་རྒྱུན་དུ་ནས་དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང“གསེར་བྱང”གི་བཀྲག་མདངས་ཇེ་ཆེ་ནས་ཇེ་ཆེར་གཏོང་དགོས།
སྤྱོད་ཚུལ་ལས་གཟུགས་བརྙན་དང་བྱང་ཚད་མངོན་ལ། ཏང་གཤིས་ཀྱང་མཚོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་མོད། འོན་ཀྱང་དེ་དང་ཆབས་ཅིག “གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས་རླངས་འཁོར་ནང་ནས་ལྟ་བ་དང་ཤེལ་སྒོ་ཕྱེ་ནས་ལྟ་བ”དང་།“ཁས་ལེན་དམ་བཅར་རིམ་པ་བཞིན་མིང་རྟགས་བཀོད་རྗེས་འགན་འཁྲི་གཤམ་འོག་ལ་སྐྱུར་བ”“ཆུ་བྱའི་སྒྲོ་ཆུས་མི་རློན་པ”སོགས་ལྟ་བུའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་ཐོན་བཞིན་ཡོད་ལུགས་གསལ་པོ་ཤེས་པར་བྱེད་དགོས། ས་ཆ་ཁ་ཤས་སུ་ཐོན་པའི་ལྷོད་གཡེང་གི་སྣང་ཚུལ་དང་། ཕྱོགས་ཁག་གཅིག་ཏུ་གནས་པའི་མིག་གིས་མཐོང་མི་ཐུབ་པའི་གནད་དོན། སྤྱོད་ཚུལ་ངན་པ་བསྐྱར་དུ་ཐོན་པ་བཅས་ལ་དེ་བས་ཀྱང་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་སྒྱིད་ལུག་དང་སེམས་ཤུགས་གཞན་སྒྱུར་བྱེད་རིགས་སྔོན་འགོག་བྱས་ནས་སྤྱོད་ཚུལ་གྱི་གནད་དོན་དེར་སྐད་ཅིག་ཙམ་ཡང་ལྷོད་གཡེང་གཏོང་མི་རུང་།
སྤྱོད་ཚུལ་གྱི་གནད་དོན་ནི་མི་སེམས་གཏད་ཕྱོགས་དང་འབྲེལ་བ་ཡོད་ལ། ཏང་གི་སྲིད་སྐྱོང་རྨང་གཞི་དང་ཡང་འབྲེལ་བ་ཡོད། སྤྱོད་ཚུལ་ནི་དོན་སྤྱི་ཙམ་ཞིག་མིན་པར་དེ་ནི་ཏང་ཡོན་མི་རེ་ངོ་རེ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོའི་ལས་ཀའི་དོན་དངོས་ཁྲོད་ཞིབ་ཕྲ་མཚོན་གྱི་ཡོད་པ་དང་། དོན་དག་ཆེ་ཆུང་ཡོད་ཚད་ཐག་གཅོད་བྱེད་པའི་ཐད་ཁྱབ་ཡོད། མི་སེར་ཚོས་ཏང་དང་སྲིད་གཞུང་ལ་ལྟ་སྟངས་ཇི་འདྲ་འཛིན་མིན་ནི་ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པ་ཚོ་ལུགས་མཐུན་ཡིན་མིན་དང་། སྤྱོད་གཙང་ཡིན་མིན། ལས་ཀ་བྱེད་མིན་བཅས་དང་ཐད་ཀར་འབྲེལ་བ་ཡོད། གལ་ཏེ་ཉེ་འགྲམ་གྱི་ཏང་ཡོན་ལས་བྱེད་པ་ཚོའི་སྤྱོད་ཚུལ་དྲང་གཞག་དང་ལས་ཀ་བྱེད་སེམས་ཆེན་པོ་ཡོད་པ་དང་། ཉིན་མཚན་ཀུན་ཏུ་གཞུང་དོན་སྒྲུབ་པ་དང་སྤྱོད་གཙང་རང་གཅུན་གྱི་སྤྱོད་ཚུལ་ཐོག་ནས་མང་ཚོགས་སེམས་ནང་འཇོག་པ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཐོག་ནས་ལས་ཀ་བྱས་ཚེ། མི་དམངས་མང་ཚོགས་ཀྱིས་སྤྱོད་ཚུལ་དྲང་གཞག་དང་རུལ་སུངས་ལ་ངོ་རྒོལ་གྱི་ཕན་འབྲས་དངོས་སུ་ཚོར་ཐུབ་པ་དང་། སྤྱོད་ཚུལ་བཟང་པོ་ཡང་སྤྱོད་ཚུལ་གསར་པར་གྱུར་ནས་ཏང་སེམས་དང་དམངས་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་སྲིད།
ཆུ་བོའི་གྱེན་དུ་གྲུ་བཏང་ན། གྱེན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ནི་དཀའ་ཚེགས་དང་རྙོག་འཛིང་ཆེ་བའི་ཡུན་རིང་གི་འདུ་འགོད་ཅིག་ཡིན་པས། འགོ་འཛུགས་དུས་ལས་མཇུག་འགྲིལ་དུས་མེད། འཕྲད་པའི་གནད་དོན་ལ་ཡུན་རིང་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལྡན་ཡོད་པས། ཁ་གཏད་གཅོག་སྟངས་ཀྱང་ངེས་པར་དུ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཡིན་དགོས། སྤྱོད་ཚུལ་འཛུགས་སྐྱོང་དེ་བྱེད་ཐེངས་གཅིག་ལ་གྲུབ་པ་དང་འཐབ་ཐེངས་གཅིག་ལ་རྣམ་པར་རྒྱལ་བ་ཞིག་ཡིན་མི་སྲིད་ལ། མགོ་ཡོད་མཇུག་ཡོད་ལས་ཨ་གསར་བྱེད་པ་ཞིག་ཡིན་མི་སྲིད་པས། ངེས་པར་དུ་རྟག་ཏུ་དམ་འཛིན་དང་ཡུན་རིང་དམ་འཛིན་བྱས་ཏེ་རྟ་སྒ་དང་མི་བྲལ་བ་དང་ལག་པས་ཐུར་ཐག་མི་གློད་པའི་ངེས་ཤུགས་དང་ཡང་བསྐྱར་དམ་འཛིན་བྱེད་པའི་ངར་ཤུགས་ཐོག་ནས་འགག་སྒྲོལ་དམག་འཐབ་དང་། ཡུན་རིང་དམག་འཐབ། སེམས་འདུལ་དམག་འཐབ་བཅས་ཡག་པོ་རྒྱག་དགོས།
སྤྱོད་ཚུལ་བཟང་པོ་ནི་གསར་གཏོད་བྱེད་ནུས་དང་། གོང་བུ་འགྲིལ་ནུས། འཐབ་འཛིང་བྱེད་ནུས་བཅས་ཡིན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་པས། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ལ་ཁ་གཏད་གཅོག་པར་ངེས་པར་དུ་སྤྱོད་ཚུལ་བཟང་པོར་བརྟེན་ནས་འགན་ལེན་བརྟན་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་འཛུགས་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་རྒྱུགས་འབུལ་གྱི་སེམས་ཁམས་རྒྱུན་འཁྱོངས་ཀྱིས་སྤྱོད་ཚུལ་ངན་པ་རུལ་སུངས་ཀྱི་སྣང་ཚུལ་ལ་འགྱུར་བའི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཐོག དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་ཐོག་ནས་རྒྱང་ལམ་གསར་པར་སྐྱོད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)