གསར་འགྱུར་སྤེལ་དུས།[2025-05-15 08:15:00]
འདི་ནི་ཤ་མོ་འཐུ་མཁན་གྱིས་ཤ་མོ་གསར་པ་རླངས་འཁོར་ནང་སྐྱེལ་བཞིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་བརྙན་འཕྲིན་ཁང་གི་གསར་འགོད་པ་ཆབ་མདོ་གྲོང་ཁྱེར་གྱི་ཀི་ཀོ་ཤ་མོ་ཐོན་སྐྱེད་བྱ་ཡུལ་དུ་སོང་ནས། ཞིང་པ་ཚོ་གཅིག་གི་ཤ་མོ་ཡི་ཐོན་ལས་གཉེར་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱས་པ་རེད།
ཉིན་འདི་དག་ལ་ཆབ་མདོ་གྲོང་ཁྱེར་གྱི་ཀུང་སི་ག་གེ་མོའི་ཤ་མོ་འདེབས་འཛུགས་རྟེན་གཞི་ལ་བྲེལ་ཟིང་ཆེ་ཞིང་སྤྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་གིས་ཡོངས་སུ་ཁེངས་ཡོད། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་འདེབས་འཛུགས་བྱས་པའི་ས་གནས་དེ་གའི་ཀི་ཀོ་ཤ་མོ་ལ་ཡོང་འབབ་ཡག་པོ་རག་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི 3500 ཡིན་པ་དང་། གནམ་གཤིས་གྲང་ངར་ཆེ་བ། ཉིན་མཚན་དབར་ལ་དྲོད་ཚད་ཁྱད་པར་ཆེན་པོ་ཡོད་མོད། འོན་ཀྱང་ཆབ་མདོར་ཐུན་མོང་མ་ཡིན་པའི་ཞིང་འབྲོག་ལས་ཀྱི་བཟང་ཆ་མང་པོ་ཡོད་པ་རེད། ལོ་གསུམ་གྱི་སྔོན་ལ། ཀི་ཀོ་ཤ་མོར་ཐུན་མོང་མ་ཡིན་པའི་བྲོ་བ་དང་ཕུན་སུམ་ཚོགས་པའི་འཚོ་བཅུད་ཡོད་པས་མི་ཚོས་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་ཆབ་མདོར་ཀི་ཀོ་ཤ་མོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་མེད་པ་དང་། མིའི་ཐབས་ཀྱིས་ཀི་ཀོ་ཤ་མོ་བཙུགས་པར་ཆ་རྐྱེན་མང་པོ་འཛོམས་དགོས་ཀྱི་ཡོད་སྟབས་ཁྲོམ་རར་དུས་ཡུན་རིང་པོར་མཁོ་སྤྲོད་ཀྱིས་ཚད་སྐོང་མི་ཐུབ་པའི་གནས་སུ་ཆགས་ཡོད།
གསར་འགོད་པས་བཅར་འདྲི་བྱེད་སྐབས། ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཚན་རིག་ཞིབ་འཇུག་ཚོགས་པ་ནི་ལང་ཚོའི་གསོན་ཤུགས་དང་གསར་གཏོད་ཀྱི་སྟོབས་ཤུགས་ལྡན་པའི་དཔུང་ཁག་ཅིག་ཡིན་ཞིང་། ཚོགས་པའི་ཁོངས་མིའི་ཆ་སྙོམས་ལོ་ཚད་ལོ 35 ལས་མེད་པ་མ་ཟད། མང་ཆེ་བ་ནི་ལྗོངས་ཕྱི་ནས་ཡོང་བ་དང་། ཁོང་ཚོ་ཡིས་ཞིང་ལས་ཚན་རིག་ཞིབ་འཇུག་ཐད་ཀྱི་ལྷག་བསམ་ཟོལ་མེད་དང་ཆེད་ལས་ཀྱི་ཤེས་ཡོན་ཁྱེར་ནས་ཆབ་མདོར་མཉམ་དུ་འཛོམས་པ་རེད། ས་གནས་དེ་གར་འདེབས་འཛུགས་བྱེད་པར་འཚམ་པའི་སྤུས་ལེགས་ཤ་མོའི་སོན་རིགས་ཤིག་གསོ་སྐྱོང་བྱེད་ཆེད། 2021 ལོར། ཚོགས་པ་ཡིས་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད། ཁོང་ཚོ་ཡིས་ཆབ་མདོ་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་འདེབས་འཛུགས་རྟེན་གཞི་དེ་བེད་སྤྱོད་གང་ལེགས་བྱས་པ་དང་། དུས་མཚུངས་སུ། ཚོགས་པ་ཡིས་སྒོ་འབྱེད་མཉམ་ལས་ཀྱི་རྣམ་འགྱུར་ཐོག་ནས། ཐེན་ཅིན་དང་། ཡུན་ནནན། མཚོ་སྔོན་སོགས་ས་གནས་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཤ་མོའི་སོན་གསོ་བའི་དཀའ་གནད་མཉམ་དུ་སེལ་བ་རེད།
མི་ལ་བརྩོན་འགྲུས་ཡོད་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་གསུངས་པ་ལྟར། 2023 ལོའི་ཟླ 11 པར་ཚོགས་པ་ཡིས་དུས་འགོའི་ཞིབ་འཇུག་གི་རྨང་གཞི་བརྟན་པོ་དང་གསར་གཏོད་ཀྱི་ཚན་རིག་ཞིབ་འཇུག་བསམ་ཕྱོགས་ལ་བརྟེན་ནས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ལ《ས་བབ་མཐོ་བའི་ས་ཁུལ་དུ་ཟས་སྤྱོད་ཤ་མོ་འདེམས་གསོ་དང་ནུས་ཆེའི་སྒྲིག་བཀོད་འདེབས་གསོ་ལག་རྩལ་ཞིབ་འཇུག》ཞེས་པའི་ཞིབ་འཇུག་བྱ་གཞི་རྒྱལ་ཁའི་ངང་རེ་ཞུ་བྱས་ཡོད། ཞིབ་འཇུག་བྱ་གཞི་འདི་ལ་ཆོག་མཆན་ཐོབ་པ་ནི་ཚོགས་པའི་དུས་འགོའི་ལས་དོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། རྗེས་མཐུད་ཀྱི་ཚན་རིག་ཞིབ་འཇུག་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
ཀི་ཀོ་ཤ་མོའི་གནད་དོན་ཐག་གཅོད་བྱས་རྗེས། ཚན་རིག་ཞིབ་འཇུག་པ་རྣམས་རྒྱུན་མི་ཆད་པར་འདེབས་འཛུགས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཁྲོད་དུ་ཞུགས་པ་རེད། ཁོ་ཚོས་ཀི་ཀོ་ཤ་མོའི་ཆེས་བཟང་བའི་འཚར་སྐྱེའི་དྲོད་ཚད་ནི 8℃ནས 15℃བར་ཡིན་པ་ཤེས་ཀྱི་ཡོད། ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད། ཚོགས་པ་ཡིས་ཆེད་བཀོལ་འཚོ་བཅུད་ཁུག་མ་དང་།རིག་ནུས་དྲོད་ཁང་ཆེན་མོའི་ཐོག་འབུ་ཕྲའི་ལུད་རྫས་ལེགས་བཅོས་བསྣན་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱས་པར་བརྟེན། ས་མཐོར་དགུན་ཁར་དྲོད་ཁང་ཆེན་མོ་བེད་མེད་དུ་བཞག་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་དྲོད་ཁང་ཆེ་མོའི་བེད་སྤྱོད་བྱེད་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
མིག་སྔར།ཆབ་མདོ་གྲོང་ཁྱེར་ལ་ལོ་རེར་ཀི་ཀོ་ཤ་མོ་རྒྱ་མ 75000ཐོན་སྐྱེད་ཐུབ་ཀྱི་ཡོད་ལ། ལོ་རེའི་ཡོང་འབབ་སྒོར་ཁྲི 700 ལྷག་ཙམ་ཟིན་ནས་མང་ཚོགས 3100 ལྷག་ཙམ་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་ཐུབ་ཡོད། ཀི་ཀོ་ཤ་མོའི་སྤུས་ཚད་དང་ཐོན་ཚད་སྔར་བས་མཐོ་རུ་གཏོང་བ་དང་། དེའི་ལྡོག་འགོག་རང་བཞིན་ཆེ་རུ་གཏོང་ཆེད། ཚོགས་པ་ཡིས་ཚན་རིག་ཞིབ་འཇུག་ཁང་དེ་བས་མང་བ་དང་མཉམ་དུ་ཤ་མོའི་སོན་གྱི་བང་མཛོད་སྐྲུན་པའི་འཆར་གཞི་བཞག་སྟེ། དེ་བས་ལེགས་པའི་ཐོན་རྫས་གསར་པ་གསོ་སྐྱོང་བྱེད་ནས། ཆབ་མདོ་གྲོང་ཁྱེར་གྱི་ཀི་ཀོ་ཤ་མོའི་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ནས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)