གསར་འགྱུར་སྤེལ་དུས།[2025-05-15 08:20:00]
འདི་ནི་འགྲན་ཞུགས་པས་བོད་སྤོས་བཟོ་བའི་ཡུལ་དངོས་ཡིན་པ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས29ཉིན་དཔལ་འབར་རྫོང་གིས་ངལ་རྩོལ་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་སྲོལ་རྒྱུན་གྱི་ཐོན་སྐྱེད་འཚོ་བའི་ལག་རྩལ་ལས་བོད་སྤོས་ལག་རྩལ་གྱི་རྫོང་རིམ་པའི་བསྐྱར་འགྲན་སྐབས་དང་པོ་ཐུགས་གྲ་འགྲིག་པོའི་ངང་གཉེར་བ་རེད། ཐེངས་འདིའི་འགྲན་སྡུར་གྱིས་བོད་སྤོས་བཟོ་མཁན་གྱི་བཟོ་བར་ལག་རྩལ་སྤེལ་རེས་དང་འགྲེམས་སྟོན་གྱི་གར་སྟེགས་ཤིག་བསྐྲུན་པ་མ་ཟད། གནའ་བོའི་བོད་སྤོས་བཟོ་བའི་ལག་རྩལ་རྒྱུད་འཛིན་དང་དར་སྤེལ་གཏོང་བར་སྐུལ་སྤེལ་ནུས་ལྡན་བཏང་ཡོད། མི་དེ་བས་མང་པོ་ཞིག་ཐེངས་འདིའི་བྱེད་སྒོ་ནང་ཞུགས་ཆེད། འགྲན་སྡུར་དེ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་གཞུང་ཕྱོགས་འཁྱུག་དབྱིངས་ཀྱི་ཨང་རྟགས་ལམ་ནས་དྲ་ཐོག་ཐད་གཏོང་བྱས་ཡོད། ཐད་གཏོང་ལ་དྲ་གྲོགས་མང་པོ་ཞིག་གིས་དོ་ཁུར་བྱས་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན་ལྟད་མོ་བ་ཁྲི1.7ལྷག་ཟིན་ཡོད།
ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད་དཔྱད་འདེམས་པ་ཚོས་དཔྱད་འདེམས་ནན་ཏན་བྱས་མཐར་ཨང་རིམ་སྔོན་མ་གསུམ་དང་ཕུལ་བྱུང་བྱ་དགའ་གང་མང་བདམས་ཐོན་བྱུང་བ་རེད། བྱ་དགའ་ཐོབ་མཁན་གྱི་འགྲན་ཞུགས་པ་ཞིག་གིས“ཐེངས་འདིར་བོད་སྤོས་ལག་རྩལ་འགྲན་སྡུར་ནང་ཞུགས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེ་བྱུང་། སྐབས་དེ་དུས་འགྲན་སྡུར་འདི་འདྲ་ཞིག་སྤེལ་རྒྱུ་ཡིན་པ་ཧ་གོ་དུས། ང་རང་གིས་སྤོབས་པ་ཆེན་པོས་རེ་སྒུག་བྱས་པ་ཡིན། རེ་བ་ལ་ཐེངས་འདིའི་གོ་སྐབས་བེད་སྤྱད་དེ་རང་ཉིད་ཀྱི་ལག་རྩལ་འགྲེམས་སྟོན་བྱེད་པ་དང་ཆབས་ཅིག་ཏུ་འགྲན་ཞུགས་པ་གཞན་དག་ལའང་སློབ་སྦྱོང་བྱ་རྒྱུ་ཡིན། འགྲན་སྡུར་འདི་ལས་ང་རང་ལ་རྩ་ཆེ་བའི་ཉམས་མྱོང་ཐོབ་བྱུང་ལ། རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲིའང་ཤེས་རྟོགས་བྱུང་སོང་། མ་འོངས་པ་ན་ངས་ལག་རྩལ་འདི་ཉིད་རྒྱུད་འཛིན་དང་དར་སྤེལ་བཏང་ནས་མི་དེ་བས་མང་པོ་ཞིག་གིས་བོད་སྤོས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་སེམས་འགུལ་ཆེན་པོས་དེ་ལྟར་བཤད།
ཤེས་རྟོགས་བྱུང་བ་ལྟར་ན། བསྐྱར་འགྲན་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་དཔལ་འབར་གྲོང་རྡལ་ནས་ཡིན་པའི་དོན་གྲུབ་ཟླ་བ་ལགས་རེད། ཨང་གཉིས་པ་ཐོབ་མཁན་ནི་དཔལ་འབར་གྲོང་རྡལ་ནས་ཡིན་པའི་བསོད་ནམས་ཚེ་རིང་ལགས་རེད། ཨང་གསུམ་པ་ཐོབ་མཁན་ནི་ལྷ་རྩེ་ཤང་ནས་ཡིན་པའི་བློ་བཟང་ཐུབ་རྡོ་ལགས་རེད།
ཐེངས་འདིའི་འགྲན་སྡུར་ནི་ལག་རྩལ་གྱི་འགྲན་སྡུར་ཞིག་ཡིན་ལ། མངོན་མིན་ཤུལ་གཞག་རིག་གནས་ཀྱི་གསོན་ཉམས་འབར་བའི་རྒྱུད་འཛིན་ཞིག་དེ་བས་ཡིན། འགྲན་སྡུར་བྱས་པ་བརྒྱུད་མི་དེ་བས་མང་པོ་ཞིག་གིས་བོད་སྤོས་རིག་གནས་ལ་དགའ་ཞེན་དང་སྤྲོ་སྣང་ཆེ་རུ་ཕྱིན་པ་དང་། ན་གཞོན་ཚོས་བོད་སྤོས་ལག་རྩལ་གྱི་ལས་རིགས་ནང་ནུས་ཤུགས་བཏོན་ནས་བོད་སྤོས་རིག་གནས་རྒྱུད་འཛིན་དང་། གསར་གཏོད། འཕེལ་རྒྱས་འགྲོ་བར་གསོན་ཤུགས་གསར་པ་བསྣན་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)