གསར་འགྱུར་སྤེལ་དུས།[2025-10-08 11:15:00]

ཟླ་9ཚེས་30ཉིན་གྱི་དགོང་མོར། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཀྲུང་ཕྱིའི་མི་སྣ་དང་དགའ་འཛོམས་གནང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་ལྷན་དུ་རྟེན་འབྲེལ་ཞུས་པ།

ཟླ་9ཚེས་30ཉིན་གྱི་དགོང་མོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་དགོང་མོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་76འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད།
ལི་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་སྣེ་ལེན་ཚོགས་འདུར་ཕེབས་ཤིང་། ཀྲུང་ཕྱིའི་མི་སྣ་800ཙམ་དང་དགའ་འཛོམས་གནང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་ལྷན་དུ་རྟེན་འབྲེལ་ཞུས་པ་རེད།
ཆུ་ཚོད17དང་སྐར་མ་30ཙམ་ལ་སྤྲོ་སྣང་ལྡན་པའི《མགྲོན་བསུའི་རོལ་དབྱངས》ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་གསོལ་སྟོན་ཁང་དུ་ཕེབས་ནས་ཚང་མར་ཕྱག་གཡུག་གཡུག་ངང་གུས་ལན་གནང་བས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
སྣེ་ལེན་ཚོགས་འདུ་འགོ་ཚུགས་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་ཤིང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་སྒྲ་དབྱངས་ཚོམས་ཆེན་ཡོངས་སུ་གྲགས།
ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། དུས་ཡུན་རིང་པོའི་ནང་ཀྲུང་གོའི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་76འཁོར་རིང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རང་སྟོབས་རང་སྤེལ་དང་རྒྱུན་མཐུད་འབད་འཐབ་བྱས་ནས་ལོ་རྒྱུས་ཐོག་འཁོད་པའི་འོད་སྟོང་འཕྲོ་བའི་མཛད་རྗེས་བཏོད་ཡོད། ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ཀྲུང་ཧྭ་མི་རིགས་འཇིག་ཉེན་གྱི་མཚམས་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་ཅིང་། ལམ་བུ་དེ་ནི་དཀའ་སྤྱད་ལས་སྒྲུབ་དང་དཀའ་ཚེགས་ཀྱིས་ཁེངས་པ་ཞིག་ཡིན་པ་མ་ཟད། དཔའ་སྟོབས་ཀྱིས་ཁེངས་ཤིང་རྒྱལ་ཁའི་གླུ་དབྱངས་ལེན་པའི་ལམ་བུ་ཞིག་ཀྱང་ཡིན། ཡུན་རིང་མ་སོང་གོང་ང་ཚོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པས། མི་རིགས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་ལ་སྐུལ་མ་ཐེབས་ནས་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། ལོ་རྒྱུས་ཀྱི་ཉམས་མྱོང་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་ཁབ་དེ་བས་ལེགས་པར་བསྐྲུན་ཏེ། འགོ་ཁྲིད་པ་མི་རབས་རྒན་གྲས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་གསར་དུ་བཏོད་པའི་བྱ་གཞག་རྒྱུན་ཆད་མེད་པར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ཚུན་དུ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། ཟླ་བ་རྗེས་མར་རང་རེའི་ཏང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་འཐབ་ཇུས་བྱེད་ཐབས་འཆར་འགོད་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིར་ན་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཡོང་བའི་འགན་ལེན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། རྒྱང་ལམ་གསར་པར་ང་ཚོས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་དེ་བས་ལེགས་པ་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་དཔལ་འབྱོར་དེ་བས་ལེགས་པའི་ངང་འཕེལ་རྒྱས་དང་དམངས་འཚོ་སྔར་བས་ལེགས་སུ་གཏོང་དགོས། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་དང་ཕྱི་རོལ་ཕྱོགས་གཏོགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་འགྲོ་བཞིན་པའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས།