གསར་འགྱུར་སྤེལ་དུས།[2025-10-08 11:30:00]
འདི་ལོ་ཚུན། ང་ཚོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་དང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་བཅས་བྱས་ནས། དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། དྲག་ཆར་རླུང་འཚུབ་ཀྱི་ཉམས་སད་ཁྲོད་འཚར་ལོངས་བྱུང་ནས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་པ། “ཙུའུ་ཁྲུང་ཀྲི་ཨང་གསུམ་པ”སོགས་ཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད།
ལོ་ངོ་76རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཚེ། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་བརྒྱུད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་བདེ་བླག་ངང་བསྐྱོད་པས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། “ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་པ”ནས“ཀྲུང་ཧྭ་མི་རིགས་བསྐྱར་དར་འགོག་ཐབས་བྲལ་བའི”བར་འོད་སྟོང་འཕྲོ་བའི་མདུན་ལམ་གྱི་ཕྱོགས་སུ་བསྐྱོད་ནས། ང་ཚོར“གཏན་འཁེལ་གཉིས”ནི་དཀའ་ངལ་དང་འགལ་རྐྱེན་མཐའ་དག་ལས་རྣམ་པར་རྒྱལ་བའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ལ་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་ཡོད།
ད་ཆ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་དེ་བས་ཐག་ཉེ་བ་དང་། དེ་བས་ཡིད་ཆེས་ལྡན་པ། དེ་བས་ནུས་པ་ལྡན་པ་བཅས་ཡོད་པ་དང་དུས་མཚུངས་ངེས་པར་དུ་དེ་བས་དཀའ་ཚེགས་དང་དཀའ་ངལ་ཆེ་བའི་འབད་བརྩོན་བྱེད་པར་གྲ་སྒྲིག་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པར”རྒྱལ་ཁ་ཕུ་ཐག་གཅོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ”འཆར་འགོད་དང་བཀོད་སྒྲིག་བྱེད་སྐབས་ང་ཚོར་དགེ་མཚན་དང་ཆ་རྐྱེན་མང་པོ་ཡོད་ལ། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་ཁོར་ཡུག་འཕྲད་སྐབས། “སྤྱི་ཡོངས་གཉིས”བློ་ལ་ངེས་ཏེ་འགོག་ཐབས་བྲལ་བའི་བསྐྱར་དར་གྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་སྔོན་གཏན་འཁེལ་བའི་དམིགས་ཚད་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱེད་དགོས།
མདུན་སྐྱོད་བྱེད་པར་ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་དགོས། 1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ཆེན་པོ་ཞིག་ཏུ་གྱུར་ཡོད། དུས་དེ་ནས་བཟུང་། ཀྲུང་གོའི་མི་དམངས་ནི་བསམ་པའི་ཐད་གཞན་དབང་ནས་རང་འགུལ་དུ་འགྱུར་འགོ་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་དཀའ་ངལ་ཆེ་ཡང་ལྡོག་ཐབས་བྲལ་བའི་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་འགོ་ཚུགས་ཡོད། ལོ་100ལྷག་ཙམ་གྱི་རིང་། དུས་བབ་དང་ལས་འགན་ལ་འགྱུར་ལྡོག་ཅི་འདྲ་ཞིག་དང་འཇིགས་སུ་རུང་བའི་རྦ་རླབས་གང་འདྲ་ཞིག་འཕྲད་ནའང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ་དང་འབད་འཐབ་ཀྱི་དམིགས་ཚད་གཏན་འཁེལ་གྱིས་ཡང་དག་པའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་ཡོད། མ་འོངས་པར་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱས་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཛིན་དང་། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཆེ་རུ་གཏོང་བ། འགལ་བའི་གནད་དོན་ལ་ཐད་ཀར་གཏུགས་ནས་གཟུར་གཡོལ་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅགས་ནས་ཕྱིར་བཤོལ་མི་རྒྱག་པ་བཅས་བྱས་ན། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད།
མདུན་སྐྱོད་བྱེད་པར་ང་ཚོས་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་གི་མ་ལག སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་བཅས་བསྐྲུན་ཏེ་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཨང་དང་པོར་བརྟན་པོར་གནས་ཡོད། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་སྙིང་རུས་བྱས་པ་ལས་བྱུང་བ་དང་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད། མ་འོངས་པར་ཏང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་དུ་གནས་པ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་དོན་སྒྲུབ་པ་བཅས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་གསར་གཏོད་བྱེད་མཁས་པོ་བྱས་ན། དཀའ་སྡུག་གང་ཞིག་འཕྲད་ཀྱང་ང་ཚོའི་ངར་ལྕགས་ལྟ་བུའི་བློ་སྟོབས་ལ་གཡོ་འགུལ་གཏོང་མི་ཐུབ་ལ་དཀའ་ངལ་གང་ཞིག་འཕྲད་ཀྱང་ང་ཚོའི་གོམ་སྟབས་འགོག་མི་ཐུབ།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་འདིར་དམ་པོར་དམིགས་ཏེ་སྔ་འཛིན་ཕྱི་གཏོད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་འབྱོར་བའི་གློག་འཕྲིན)