གསར་འགྱུར་སྤེལ་དུས།[2025-10-15 11:20:00]

ཟླ་9ཚེས་30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད། འདི་ནི་ཞི་ཅིན་ཕིང་གིས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོར། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྱིས་ལས་རིགས་ཁག་གི་འཐུས་མི་དང་ལྷན་དུ་མཛད་སྒོར་ཞུགས་པ་རེད།
ཆུ་ཚོད་བཅུ་པ་ཙམ་ལ། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་རུ་ཁག་གི་འཁྱིལ་ཆུང་དཀྲོལ་མཁན་གྱིས་སྒམ་ནན་ཆེ་ལ་གཏིང་ཟབ་པའི《སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོའི་དུང་བརྡ》བཏང་བ་རེད།
ཆུ་ཚོད་བཅུ་པ་ཏག་ཏག་ལ། མི་དམངས་ཀྱི་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་། དམག་མིའི་རོལ་ཆ་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་རོལ་དབྱངས་དཀྲོལ་གཏོང་བྱས་པ་དང་ཆབས་ཅིག ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་རེད།
རྒྱལ་གླུ་བླངས་རྗེས། ཚང་མ་གུས་སྟབས་ཀྱིས་ཡར་བཞེངས་ཏེ། ཀྲུང་གོ་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ངག་བསྡམས་ནས་མྱ་ངན་ཞུས་རྗེས། ལག་ཏུ་མེ་ཏོག་སོས་པ་ཁྱེར་བའི་ལོ་ཆུང་བྱིས་པ་ཚོས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ཏེ་སྐད་གསང་མཐོན་པོས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་བ་དང་སྦྲགས། ལོ་ཆུང་གདོང་ལེན་རུ་མིའི་རུ་ཁག་གི་གུས་འདུད་ཀྱང་ཞུས་པ་རེད།
དམག་མིའི་རོལ་ཆ་རུ་ཁག་གིས་བརྩེ་བས་ཕྱུག་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་བ་དང་། གུས་དམག་18ཀྱིས་མེ་ཏོག་སི་ར་བརྟན་པོར་བཏེགས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་དལ་བུར་བསྐྱོད་དེ་མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་བཞག་པ་རེད།
ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་ཕེབས་པ་དང་། མེ་ཏོག་སི་རའི་མདུན་དུ་ཞབས་སོར་འཁོད་དེ་བློ་རྩེ་གཅིག་སྒྲིམ་གྱིས་གཟིགས་པ་རེད། དམར་མདངས་བཀྲ་བའི་ཧུང་ཀྲང་མེ་ཏོག་དང་། འདབ་བརྒྱ་ལྷུག་པོར་གྲོལ་བའི་ལུག་མཉེ་མེ་ཏོག དྲི་བསུང་ལྷང་ལྷང་འཐུལ་བའི་མེ་ཏོག་ཝུན་ཤིན་ལན་བཅས་ལས་མི་དམངས་ཀྱི་དཔའ་བོར་རྗེས་དྲན་ཟབ་མོ་དང་བླ་ན་མེད་པའི་གུས་སེམས་མཚོན་ཡོད།
ཞི་ཅིན་ཕིང་དལ་བུར་མདུན་ཕྱོགས་སུ་ཕེབས་ནས་མེ་ཏོག་སི་རའི་དར་འཛར་ཞིབ་ཚགས་ངང་སྲོང་སྐྱོར་གནང་བ་དང་། དེ་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དལ་བུར་སྐོར་བ་བསྐྱོན་བཞིན་དུ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་འཇལ་ཞུས་པ་རེད།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་ངོ་80ཡི་གོང་དུ། ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་ཚད་མེད་སྤྱད་དེ་ཁྲག་བཏོན་དམར་འཛིང་བྱས་པས་ཉེ་རབས་ཚུན་ཕྱིའི་དགྲ་བོའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱལ་ཁ་ཐེངས་དང་པོ་ཡོངས་སུ་ཐོབ་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད། ད་ཆ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད།
མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ལི་ཡིས་གཙོ་སྐྱོང་གནང་བ་རེད།